Degé Kangyur volume 92, F.120.b

བསྲུང་བ་ཡང་བྱའོ། །​གུ་གུལ་གྱི་བདུག་པ་དང་མར་དང་ཡུངས་ཀར་གྱི་བདུག་པས་བདུག་པར་བྱའོ། །​ཙནྡན་དང་། ཨ་ག་རུ་དང་། ཏུ་རུ་སྐ་དང་། ཀུན་དུ་རུའི་བདུག་པ་འདི་ནི་ཡང་དག་པར་བསྟན་ཏོ། །​བུམ་པ་སྒྲུབ་པ་འདི་ནི་མཆོག་སྟེ་ཞག་ལྔ་སྨྱུང་བ་བྱས་ནས་གསང་སྔགས་བསྒྲུབ་པར་བྱ་སྟེ། དུས་མཚམས་གསུམ་དུ་བུམ་པ་དང་སངས་རྒྱས་ལ་མཆོད་པར་བྱའོ། །​མི་སྨྲ་བར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ་སྐྱིལ་མོ་ཀྲུང་དུ་འདུག་ནས་ལག་པ་གཡས་པ་བུམ་པའི་སྟེང་དུ་བཞག་ནས་ཁྲོ་བོའི་རྒྱལ་པོ་སྟོང་རྩ་བརྒྱད་བཟླས་ལ་ཆུ་དང་ཡུངས་ཀར་གྱིས་དབང་བསྐུར་ལ་དོན་ཡོད་པའི་ཞགས་པའི་གཟུངས་སྟོང་ཕྲག་བརྒྱད་ཅུ་བཟླས་སོ། །​ཡིད་ལ་བྱེད་པ་རྩེ་གཅིག་པས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ལྷུར་ལེན་ཅིང་སངས་རྒྱས་ཡིད་ལ་བྱ་བ་སྒོམ་ལ་བཟླས་བརྗོད་བྱའོ། །​དེའི་འོག་ཏུ་ཚེས་བཅྭ་ལྔ་ཉའི་ཐུན་ཐ་མའི་ནང་པར་དབྱིག་གི་བུམ་པ་ཆེར་གཡོ་བར་འགྱུར་ཞིང་ལེགས་སོ་ཞེས་བྱ་བའི་སྒྲ་ཆེན་པོ་ཡང་གྲག་པར་འགྱུར་ཏེ། བུམ་པ་ཆེན་པོ་དེ་ཡང་འབར་ཞིང་འོད་ཟེར་ཁ་དོག་སྣ་ལྔ་འབྱུང་བར་འགྱུར། རིག་སྔགས་འཆང་དགའ་བར་འགྱུར། དྲི་མ་མེད་ཅིང་ཡོངས་སུ་དག་ལ་དྲི་མ་དང་བྲལ་བར་འགྱུར། མདོག་ཡོངས་སུ་དག་ཅིང་མེ་ཏོག་པདྨ་དང་ཀུ་མུ་ད་ལྟར་དཀར་ཞིང་འཇམ་པར་འགྱུར། བུམ་པ་དེའི་སྐུ་གཟུགས་རྣམས་རང་རང་གི་ལུས་ལས་འོད་ཟེར་འབྱུང་བར་འགྱུར་རོ། །​དེ་ནས་རིག་སྔགས་འཆང་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱ། རིག་སྔགས་འཆང་བུམ་པ་བསྒྲུབ་པ་འདི་ནི་གྲུབ་བོ། །​དེའི་འོག་ཏུ་རིག་སྔགས་འཆང་གིས་དྲིའི་ཆུ་དང་ཡུངས་ཀར་ལ་ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་དབང་བསྐུར་བར་བྱས་ན་དབང་བསྐུར་མ་ཐག་ཏུ་བུམ་པ་དེ་ལས་སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ། །​ཁྱོད་ཀྱིས་བུམ་པ་བཟང་པོ་གྲུབ་སྟེ་བུམ་པ་བཟང་པོ་ཇི་ལྟ་བ་བཞིན་དོན་ཡོད་པའི་སྙིང་པོའི་བུམ་པ་བཟང་པོ་ཡིད་བཞིན་གྱི་ནོར་བུ་ཆེན་པོ་ཡང་དེ་བཞིན་གྱིས་ཇི་ལྟར་འདོད་པར་ལོངས་སྤྱོད་ཅིག །​ཡིད་ལ་ཇི་ལྟར་བསམས་ཤིང་བཅོལ་བ་ཐམས་ཅད་གྲུབ་པར་གྱུར་ཅིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6682#UT22084-092-001-6682