Degé Kangyur volume 92, F.102.a

པོ་སྟོང་རྩ་བརྒྱད་བཟླས་པར་བྱས་ན། དེ་ནས་རས་ཀྱི་སྐུ་གཟུགས་ལས་འོད་ཟེར་བདུན་བྱུང་ནས་ཀུན་ཏུ་སྣང་བར་བྱས་ཏེ། ལན་གསུམ་བསྐོར་བ་བྱས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔྲལ་བའི་སྤྱན་དུ་ཞུགས་པར་འགྱུར་རོ། །​ཞུགས་པ་ཙམ་གྱི་མོད་ལ་ས་ཆེན་པོ་གཡོ་བར་འགྱུར་ཞིང་རིག་སྔགས་འཆང་ཡང་སྙིང་དགའ་ཞིང་བ་སྤུ་ལྡང་བར་འགྱུར། མདོག་མདངས་ཡོངས་སུ་དག་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཆོག་སྦྱིན་པའི་ཕྱག་གི་སོར་མོ་ལས་ལྷའི་ཆུ་འཛག་པར་འགྱུར། ཞབས་གཉིས་ལས་འོ་མ་འཛག་པར་འགྱུར། དོན་ཡོད་པའི་ཞགས་པའི་ཕྱག་འབར་བར་འགྱུར། ཕྱག་ན་པདྨའི་པདྨ་ལོ་མ་གཡོ་བར་འགྱུར། རྩེ་གསུམ་གཡོ་བར་འགྱུར་ཞིང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །​ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་གྲུབ་ཀྱིས་ལས་ཐམས་ཅད་བྱོས་ཤིག་ཁྱོད་ཀྱིས་དོན་ཡོད་གྲུབ་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་དམ་པ་གྲུབ་པོ་ཞེས་ནས། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གིས་གཟུགས་སྟོན་པར་འགྱུར་རོ། །​འདོད་པ་ཐམས་ཅད་ཀྱི་མཆོག་སྦྱིན་པར་མཛད་དོ། །​འདི་ནི་གྲུབ་པའི་མཆོག་བླ་ན་མེད་པ་སྟེ། མ་བསྒྲུབས་པར་ལས་བྱེད་པའོ། །​དེ་ནས་དབང་དུ་བྱ་བར་འདོད་པས་མེ་ཏོག་པདྨ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕུལ་ཏེ། གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། །​སྣ་མའི་མེ་ཏོག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕུལ་ལ། ཡང་ལན་བདུན་བཟླས་ནས་མེ་ཏོག་སྙིང་པོ་བླངས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །​གདོན་གྱིས་ཟིན་པ་ལ་བྱིན་ན་གདོན་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །​ནད་ཀྱིས་ཐེགས་པ་ལ་བྱིན་ན་ནད་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །​རྒྱལ་པོའི་སྒོར་གཏོར་ན་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་རོ། །​མི་རོ་བསྲེགས་པའི་སའི་སྟེང་དུ་གཏོར་ན། སེམས་ཅན་དེ་སེམས་ཅན་དམྱལ་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །​མནར་མེད་པ་ན་གནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6645#UT22084-092-001-6645