Degé Kangyur volume 92, F.102.b

པའི་སེམས་ཅན་ལ་གཏོར་ན་སྐད་ཅིག་དེ་ལ་ཡོངས་སུ་གྲོལ་བར་འགྱུར། ཉལ་བའི་སྔས་སུ་བཞག་ན་རྨི་ལམ་ཆེན་པོ་མཐོང་བར་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་སྟོན་པར་མཛད་ཅིང་ཡིད་དུ་འོང་བ་ཐམས་ཅད་གསུང་བར་འགྱུར་རོ། །​སྐྱེས་པའམ་བུད་མེད་གང་གི་སྟེང་དུ་གཏོར་བ་དེ་དབང་དུ་འགྱུར་ཞིང་གྲིབ་མ་བཞིན་ཕྱི་བཞིན་འབྲང་བར་འགྱུར་རོ། །​རྒྱལ་པོའི་སྟེང་དུ་གཏོར་ན་དེ་བཞིན་དུ་འགྱུར་རོ། །​ལྷའི་གཟུགས་བརྙན་གྱི་སྟེང་དུ་བཞག་ན་འགུགས་པར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །​མིག་སྨན་སྒྲུབ་པར་འདོད་པས་རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་མིག་སྨན་ལྡོང་རོས་ལ་སྟོང་རྩ་བརྒྱད་བཟླས་ནས་གྲུབ་པའི་རྟགས་གསུམ་སྟོན་པར་འགྱུར་ཏེ། འབར་བ་དང་དབུ་བ་འབྱུང་བ་དང་། དུད་པ་འབྱུང་བར་འགྱུར་ཏེ། དེས་མིག་ལ་བསྐུས་ན་མི་སྣང་བར་འགྱུར་རོ། །​གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །​གནོད་སྦྱིན་གྱི་གནས་ཐམས་ཅད་མཐོང་བར་འགྱུར་རོ། །​དཔྲལ་བར་ཐིག་ལེ་བྱས་ན་ཕུགས་ཐམས་ཅད་དུ་འཇུག་པར་འགྱུར། སྒོ་ཐམས་ཅད་དང་འཁྲུལ་འཁོར་ཐམས་ཅད་འབྱེ་བར་འགྱུར། ཡན་ལག་དང་ཉིང་ལག་ལ་བསྐུས་ན་ནམ་མཁའ་ལ་འགྲོ་བར་འགྱུར། སྤྱི་བོར་ཐིག་ལེ་བྱས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པར་འགྱུར་རོ། །​མིག་ལ་བྱུགས་ན། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་ཞིང་། དགོས་པ་ཐམས་ཅད་འགྲུབ་པར་བྱེད་དོ། །​མཚན་མོ་མིག་ལ་བསྐུས་ན་ཉིན་མོ་བཞིན་དུ་མཐོང་བར་འགྱུར་ཞིང་། གཏེར་ཐམས་ཅད་འབྱུང་བར་འགྱུར་ཏེ། ཁ་ཕུག་ནས་དོར་བར་བྱའོ། །​རང་གི་ལུས་ལ་བྱུགས་ན་ཇི་སྲིད་འཚོའི་བར་དུ་གོ་ཆ་བགོས་པའི་ལུས་སུ་འགྱུར། གནོད་སྦྱིན་དང་སྲིན་པོ་ལ་སོགས་པས་མི་མཐོང་བར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ཚེ་བསྐལ་པ་སྟོང་ཐུབ་པར་འགྱུར་རོ། །​ཡང་ན་བཟའ་བ་དང་སྙིང་གར་བསྐུ་བ་བྱས་ན་ནག་པོ་ཆེན་པོའི་གཟུགས་སུ་འགྱུར་ཞིང་ལྷ་ཐམས་ཅད་ཀྱི་གཟུགས་སྟོན་པར་འགྱུར་བ་ནས། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོའི་གཟུགས་དང་སྣ་ཚོགས་མང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6646#UT22084-092-001-6646