Degé Kangyur volume 92, F.101.b

པ་དེས་རས་ཀྱི་སྐུ་གཟུགས་ལ་བརྩོན་པར་བྱ་སྟེ། རས་ཀྱི་སྐུ་གཟུགས་སྔོན་དུ་བཞག་ནས་གནས་གཙང་ཞིང་དབེན་པར་གནས་སམ། འཆགས་སམ་དགོན་པའི་གནས་སམ། ཕུག་གམ། རིའི་རྩེ་མོའམ། གཙུག་ལག་ཁང་ངམ། ཁང་པར་གཙང་སྦྲ་དང་བྱི་དོར་བྱ་སྟེ། བསེར་མོའི་ལྕི་བ་ལེགས་པར་མཉེས་ལ། བ་ལས་བྱུང་བ་ལྔ་དང་བསྲེས་ཏེ་བསྐུས་ལ་སྤོས་སྣ་ཚོགས་ཀྱི་བྱུག་པས་བྱུགས་ནས་རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཙནྡན་དཀར་པོའི་དཀྱིལ་འཁོར་བྱས་ཏེ། གུར་གུམ་གྱིས་ཁྲུ་དོའི་ཚད་ཙམ་བྲིས་ལ་གླ་རྩི་དང་ག་བུར་གྱིས་མཆོད་པར་བྱའོ། །​དྲི་ཆབ་ཀྱི་བུམ་པ་དྲི་རྣམ་པ་སྣ་ཚོགས་ཀྱིས་བཀང་སྟེ། རས་ཀྱི་མགུལ་ཆིངས་ཀྱིས་བཅིངས་ལ། དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱ། མེ་ཏོག་དང་བདུག་སྤོས་དྲི་ཞིམ་པོ་དང་། མེ་ཏོག་གི་ཕྲེང་བ་ཉི་ཤུ་རྩ་གཅིག་གཞག་པར་བྱ། དྲི་ཆབ་ཀྱིས་བཀང་བ་བརྒྱད་ཕྱོགས་བཞིར་གཞག་པར་བྱ། འོ་མས་བཀང་བའི་སྣོད་བརྒྱད་གཞག་པར་བྱ། སྟེགས་བུའི་དྲུང་དུ་འོ་མས་བཀང་བའི་སྣོད་གཞག་པར་བྱ། འོ་ཐུག་དང་། སྦྱར་ཐུག་དང་། ཁཎྜ་ཁ་དྱ་དང་། འབྲས་ཆན་དང་། ལག་པན་དང་། བུ་རམ་དང་ཤ་ཁར་དང་། ཞུན་མར་གྱིས་བཀང་བའི་སྣོད་གཞག་པར་བྱ། ཨ་ག་རུ་ནག་པོ་དང་ཙནྡན་དཀར་པོ་དང་། ག་བུར་དང་། ཀུན་དུ་རུ་དང་། ཤི་རིབཱ་ས་ཀ་དང་། ཅུང་པེང་རྣམས་སྣོད་དང་བཅས་པ་བཞག་ནས། ཨ་ག་རུའི་ཡམ་སྲེག་ཤིང་གིས་སྦྱིན་སྲེག་བྱ། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པར་བྱ། མར་གྱི་མར་མེ་སུམ་ཅུ་རྩ་གཉིས་བལྟམ་པར་བྱའོ། །​དེ་ནས་རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོས་ཤིང་ཁྲུས་ལེགས་པར་བྱས་པས་ཚེས་བཅུ་བཞི་ནས་བཅྭ་ལྔའི་བར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རས་ཀྱི་སྐུ་གཟུགས་ལ་མཆོད་པར་བྱའོ། །​དེའི་འོག་ཏུ་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་ལན་བདུན་བཟླས་ཏེ། དྲི་ཆབ་ཀྱིས་དབང་བསྐུར་བར་བྱ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བྱ། དེ་ནས་མི་སྨྲ་བར་སྐྱིལ་མོ་ཀྲུང་དུ་འདུག་སྟེ་བཟླས་བརྗོད་ཀྱི་ཕྱག་རྒྱ་བཅིངས་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱ་དེའི་འོག་ཏུ་དོན་ཡོད་པར་གྲུབ་པའི་རིག་སྔགས་ཀྱི་རྒྱལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6644#UT22084-092-001-6644