Degé Kangyur volume 92, F.9.a

ཕྲག་འབུམ་འཕྲོ་བའི་སྐུ་བཞུགས་ཤིང་ཆོས་སྟོན་པ་བལྟ་བར་འཚལ་ན། རིག་སྔགས་འཆང་དེས་ལེགས་པར་བཀྲུས་ཏེ། གཙང་མར་གྱུར་པས་གོས་གཙང་མ་བགོས་ཏེ། ཆོ་འཕྲུལ་གྱི་ཟླ་བ་ཡར་གྱི་ངོ་ལ་བྱམས་པའི་སེམས་དང་། སྙིང་རྗེའི་ལྷག་པའི་བསམ་པས་གུས་པ་དང་། དད་པ་དང་། ཞེས་དང་། བླ་མར་བགྱིའོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་ལ་ཅི་འབྱོར་པ་མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། ལྷབ་ལྷུབ་དང་། བ་དན་གྱིས་མཆོད་པར་བགྱིའོ། །​ཚེས་བརྒྱད་ནས་ཚེས་བཅུ་གསུམ་གྱི་བར་ལ་ཟས་དཀར་གསུམ་འཚལ་བར་བགྱིའོ། །​རི་མོའི་གཟུགས་ཀྱི་མདུན་དུ་ཉིན་གཅིག་བཞིན་དུས་གསུམ་དུ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་དང་། ཚིག་གཞན་མི་སྨྲ་བར་ཁྲོ་བོའི་རྒྱལ་བོའི་སྙིང་པོ་དང་། ཉེ་བའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། རི་མོའི་གཟུགས་དེ་ཉིད་ཀྱི་མདུན་དུ་མཆིས་ནས་ཉལ་བར་བགྱིའོ། །​མཆོད་ཡོན་དང་ཡོན་ཆབ་དུས་གསུམ་དུ་དབུལ་བར་བགྱིའོ། །​ཨ་ག་རུ་དང་། ཙན་དན་དང་། དུ་རུ་སྐ་དང་། གུ་གུལ་གྱི་མེ་ཏོག་ཁུ་བ་དང་བཅས་པ་གླ་རྩི་དང་ལྷན་ཅིག་བསྲེས་ནས་བླང་བར་བགྱིའོ། །​དགུག་པའི་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། དོན་ཡོད་ཁམས་གསུམ་རྣམ་པར་གྲགས། །​བདུག་པའི་རྒྱལ་པོ་བླ་ན་མེད། །​གང་ཕྱིར་བདུགས་པ་ཙམ་གྱིས་ནི། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བདུག་པའི་སྤྲིན་ཆེན་པོ་འཁྲིགས་པས་རྒྱས་པར་འགྱུར་རོ། །​དྲི་འཁྲིགས་པ་དེ་དག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ལ། དྲི་ཆེན་པོའི་མཆོད་པ་དང་། བདུག་པ་ཆེན་པོའི་མཆོད་པ་བགྱིས་པར་འགྱུར་ཞིང་། དེ་དག་ཐམས་ཅད་དགའ་བར་འགྱུར་རོ། །​གང་ཡང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6460#UT22084-092-001-6460