Degé Kangyur volume 92, F.8.b

ཕྱག་རྒྱས་ཀྱང་དབང་བསྐུར་བར་བགྱིའོ། །​དེའི་འོག་ཏུ་དོན་ཡོད་པའི་ཞགས་པའི་གསང་བའི་དམ་ཚིག་གི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིའོ། །​བཟླས་བརྗོད་བཏོན་པ་ཙམ་གྱིས་དེའི་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲོ་བོའི་རྒྱལ་པོ་དང་བཅས་པ་འབུམ་འགྱུར་དུ་བཟླས་བརྗོད་བགྱིས་པར་འགྱུར་རོ། །​བཟླས་བརྗོད་རྫོགས་ནས་རི་མོའི་གཟུགས་འབར་ཞིང་ས་ཡང་གཡོ་བར་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལུས་ལས་འོད་ཟེར་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །​དོན་ཡོད་པའི་ཞགས་པ་ལག་ན་ཐོགས་པའི་ཞགས་པ་འབར་བར་འགྱུར་ཞིང་། རིག་སྔགས་འཆང་སྙིང་དགའ་བ་དང་། སྤྱི་བོའི་གཙུག་འབར་བར་འགྱུར་རོ། །​འདི་ནི་གྲུབ་པའི་རྟགས་ཡིན་ནོ་ཞེས་གྲུབ་པའི་རྟགས་དང་ལེགས་སོ་ཞེས་བྱ་བའི་སྒྲ་འབྱིན་ཏེ། དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །​དེ་ནས་དགོས་པ་ཐམས་ཅད་དང་ལས་ཐམས་ཅད་བརྗོད་པ་ཙམ་གྱིས་དེའི་མོད་ལ་འགྲུབ་པར་འགྱུར་ལགས་སོ། །​དེ་བཞིན་གཤེགས་པ་ས་ཡ་བྱེ་བ་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་ཕྱག་གསེར་གྱི་ཁ་དོག་འདྲ་བས་སྤྱི་བོའི་གཙུག་ཏུ་འཇོག་པར་རྨི་ལམ་དུ་མཐོང་བར་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་བཞིན་གྱི་ལུས་ཤིན་ཏུ་དྲི་མ་དང་བྲལ་བ་ཡོངས་སུ་དག་པས་དྲི་མ་མེད་པའི་བདག་ཉིད་ཀྱི་ལུས་རང་བཞིན་གྱིས་མདུན་དུ་མཆིས་པར་འགྱུར་རོ། །​མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །​རྣམ་པ་ཐམས་ཅད་དུ་གྲུབ་པ་སྩོལ་བར་འགྱུར་རོ། །​དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོའི་ཕྱག་རྒྱ་གྲུབ་པ་སྩོལ་བར་འགྱུར་རོ། །​ཇི་ལྟར་སྙིང་ལས་སྐྱེས་པའི་བུ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཀྱི་བར་དུ་ཡོངས་སུ་སྐྱོང་བར་བགྱིད་དོ། །​དེ་ལྟ་བས་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་དཀྱིལ་འཁོར་མཐའ་དག་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་ཞིང་ལེགས་པར་བརྒྱན་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ན། ཁང་པ་བརྩེགས་པ་ལེགས་པར་བརྒྱན་པའི་སེང་གེའི་ཁྲིའི་མཆོག་ལ་འཕགས་པ་རྒྱལ་བ་འོད་དཔག་མེད་འོད་ཟེར་བརྒྱ་སྟོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6459#UT22084-092-001-6459