Degé Kangyur volume 92, F.9.b

དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་གང་དག་གིས་བདུག་པའི་དྲི་ཚོར་ན་དེ་དག་ཐམས་ཅད་ངན་སོང་དུ་སྐྱེ་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་གཏུགས་པར་འགྱུར་རོ། །​འཐབ་པ་དང་། འཐབ་མོ་དང་། མུ་གེ་དང་། རྩོད་པ་དང་། འགྱེད་པ་དང་། ནང་འཁྲུག་པ་དང་། འཁྲུགས་པ་དང་། རྨི་ལམ་ངན་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཚེ་བ་དང་། གདུང་བ་དང་། མི་བདེ་བ་ཐམས་ཅད་དང་། ནད་ཐམས་ཅད་ཞི་བར་འགྱུར་རོ། །​རླུང་དང་། སེར་བ་དང་། གྲང་བ་དང་། ཚ་བའི་སྤྲིན་ཐམས་ཅད་ཞི་བར་འགྱུར་རོ། །​སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ། །​བྱད་དང་། གཡེངས་བྱེད་དང་། སྔགས་ཀྱི་སྦྱོར་བ་ཐམས་ཅད་དང་། དུག་དང་། དབྱིག་དུག་དང་། དུག་སྦྱར་མ་ཐམས་ཅད་ཞི་བར་འགྱུར་རོ། །​གདོན་ཐམས་ཅད་དང་། བརྗེད་བྱེད་ཐམས་ཅད་དང་། རིམས་དང་བཟའ་ཉེས་དང་། བགོ་ཉེས་དང་། གནོད་སྒྲིབ་དང་། ནད་ཐམས་ཅད་འཇིག་པར་འགྱུར་ཞིང་། རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །​གནོད་ལྟས་ཐམས་ཅད་བདུག་པའི་དྲིས་འབྲོས་པར་འགྱུར། འཇིག་པར་འགྱུར། འགྱེས་པར་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ལན་འགའ་ཡང་ཚུགས་པར་མི་འགྱུར་རོ། །​བདུག་པའི་རྒྱལ་པོ་འདི་རྟག་ཏུ་སྦྱར་བར་བགྱིའོ། །​འདི་ལྟར་ཚེས་བཅུ་བཞིའི་ནུབ་མོ་མཆིས་ལ། དོན་ཡོད་པའི་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་དང་། ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ཟས་དཀར་གསུམ་གྱི་གཏོར་མ་ཅི་འབྱོར་པ་དབུལ་བར་བགྱིའོ། །​སྙིང་པོ་དང་ཉེ་བའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ལ། དྲི་དང་འབྲུ་མར་གྱི་མར་མེ་དབུལ་བར་བགྱིའོ། །​རི་མོའི་གཟུགས་དེ་ཉིད་ཀྱི་མདུན་དུ་ནམ་ལངས་ཀྱི་བར་མཆིས་ནས་ཉལ་བར་བགྱི་སྟེ། རྨི་ལམ་དུ་དབྱིག་གི་མཛོད་མཐོང་ངམ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་གཞལ་མེད་ཁང་དང་བཅས། རིན་པོ་ཆེའི་ཤིང་དང་བཅས། རིན་པོ་ཆེའི་རི་དང་བཅས། རྫིང་དང་བཅས། གནས་དང་བཅས། ཁང་པ་བརྩེགས་པ་དང་བཅས། གཞལ་མེད་ཁང་དང་བཅས། རྫུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6461#UT22084-092-001-6461