Degé Kangyur volume 62, F.231.b

ཤཱ་རིའི་བུ་དེ་ནས་ཁྱེའུ་གསུམ་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་མུ་ཏིག་གི་སེ་མོ་དོ་དེ་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་ཏོ། །​ཤཱ་རིའི་བུ་དེའི་ཚེ་གང་ཉན་ཐོས་ཀྱི་སེམས་ཀྱིས་མུ་ཏིག་གི་སེ་མོ་དོ་གཏོར་བར་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པ་དེའི་ཕྲག་པ་གཉིས་ལ་འདུག་པར་གྱུར་ཏོ། །​གང་ཁྱེའུ་དེས་ཐམས་ཅད་མཁྱེན་པའི་སེམས་ཀྱིས་མུ་ཏིག་གི་སེ་མོ་དོ་གཏོར་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་དེའི་དབུའི་གཙུག་གི་སྟེང་ན་མུ་ཏིག་གི་སེ་མོ་དོའི་ཁང་པ་བརྩེགས་མ་རྣམ་པ་སྣ་ཚོགས་བལྟ་ན་སྡུག་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། ཀུན་ནས་རྣམ་པར་ཕྱེ་བར་གྱུར་ཅིང་། ཁང་པ་བརྩེགས་མ་དེ་ན་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པར་ཡང་སྣང་ངོ་། །​དེ་ནས་དེ་བཞིན་གཤེགས་པ་དེ་འཛུམ་པ་མཛད་དེ། ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནམ་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་རྣམ་པ་སྣ་ཚོགས་པ་དུ་མ་དེ་བཞིན་གཤེགས་པའི་ཞལ་ནས་འབྱུང་སྟེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཇ་གོང་དང་། ཤེལ་དང་། དངུལ་གྱི་ཁ་དོག་དག་གོ། །​དེ་དག་གི་སྣང་བས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཉི་མ་དང་ཟླ་བའི་འོད་ཟིལ་གྱིས་མནན་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་སྣང་བར་སོང་ངོ་། །​དེ་ནས་བཅོམ་ལྡན་འདས་དེ་ལ་བཅོམ་ལྡན་འདས་ཀྱི་བསྙེན་བཀུར་བྱེད་པ་དགེ་སློང་བློ་གྲོས་རྒྱ་མཚོས་ཞུས་པ། དེ་བཞིན་གཤེགས་པ་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད་ཅེས་དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བྱེད་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​དགེ་སློང་ཁྱེའུ་འདི་གཉིས་ཀྱིས་ཉན་ཐོས་ཀྱི་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་མུ་ཏིག་གི་སེ་མོ་དོ་གཉིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh216.html?part=UT22084-062-016-758#UT22084-062-016-758