Degé Kangyur volume 92, F.171.b

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པ་བྱ་སྟེ་ཚད་སོར་བཞི་པ། གདན་པདྨོ་ཕྱག་བཞི་ལ་མདུང་རྩེག་སུམ་པ་དང་། ཞགས་པ་དང་། པདྨ་དང་། ནོར་བུའི་རིན་པོ་ཆེ་ཐོགས་པར་བྱ་བ་ནི་འཇོག་སྦྱོང་ལེགས་པར་བྱས་པ། འཇམ་པོ་འོད་ཕྱིན་པ་ཙམ་དུ་སྦྱང་བར་བྱའོ། །དེ་ནས་རིག་སྔགས་འཆང་བས་མེ་ལོང་གི་གོང་གི་འཇིག་རྟེན་དབང་ཕྱུག་གི་སྐུ་ལ་རིང་བསྲེལ་གཞག་པར་བྱའོ། །​ག་པུར་དང་། གླ་རྩིས་སྐུ་ལ་མཆོད་པར་བྱའོ། །​མེ་ལོང་གི་ཉེ་འཁོར་ཐོག་ཐག་ཏུ་དངུལ་གྱི་མེ་ཏོག་དང་། གསེར་གྱི་མེ་ཏོག་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཕྲེང་བ་གདགས་པར་བྱའོ། །​དབང་བསྐུར་བའི་དར་གདགས་པར་བྱའོ། །​དེ་ནས་རིག་སྔགས་འཆང་བས་མེ་ལོང་དེ་ལ་ཉི་མ་རེ་རེ་ཞིང་དུས་གསུམ་དུ་དོན་ཡོད་པའི་ཞགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། ཇི་ཙམ་བརྒྱ་སྟོང་ཚང་གི་བར་དུ་བྱའོ། །​ཁྲོ་བོའི་རྒྱལ་པོས་དབང་བསྐུར་བར་བྱའོ། །​དེ་ནས་མེ་ལོང་འབར་བར་འགྱུར་རོ། །​གཅིག་ཁོ་ནར་ཁ་དོག་སྣ་ཚོགས་པར་འབར་བར་འགྱུར་རོ། །​འཇིག་རྟེན་དབང་ཕྱུག་གི་སྐུ་གཟུགས་དེ་ལས་ལྷ་རྫས་ཀྱི་ཆུ་འཛག་གོ། །​འོད་ཟེར་སྣ་ཚོགས་འབྱུང་ངོ་། །​དེ་ནས་རིག་སྔགས་འཆང་བའི་ལུས་འབར་ཞིང་དགའ་བར་འགྱུར་རོ། །​དོན་ཡོད་པར་དགའ་བ་དྲི་མ་མེད་པ་ཞེས་བྱ་བ་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོ་གྲུབ་པ་འཐོབ་པར་འགྱུར་རོ། །​ལུས་ཤིན་ཏུ་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ། །​དེ་ནས་རིག་སྔགས་འཆང་བས་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དོན་ཡོད་པའི་ཞགས་པ་རྣམ་པར་འཕྲུལ་པ་འགྲུབ་པ་བསྟན་པར་བྱ་དགོས་པས། དེ་ནས་རིག་སྔགས་འཆང་བས་ས་དང་བའི་ལྕི་བ་བསྲེས་པའི་དཀྱིལ་འཁོར་རྒྱར་ཁྲུ་བཞི་འཕང་དུ་ཁྲུ་དོ་པ་བྱས་ལ་ཤིན་ཏུ་མཁྲེགས་པ་ཤིན་ཏུ་འཇོམ་པར་བྱའོ། །​ཐིག་སྐུད་ཀྱིས་རྣམ་པར་ཕྱེ་སྟེ། ཚོན་སྣ་ཚོགས་རྣམ་པར་དབྱེ་ཞིང་སྒོ་བཞི་རྣམ་པར་ཕྱེ་ནས་དཀྱིལ་འཁོར་གྱི་སྒོ་རྣམ་པར་ཕྱེ་སྟེ། པདྨ་འདབ་མ་བརྒྱད་ཚོན་གྱིས་གསལ་བར་བྲི་ཞིང་པདྨའི་དཀྱིལ་དུ་གེ་སར་དང་ཟེ་བ་བྱའོ། །​སྟེགས་བུ་གྲུ་བཞི་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དང་། སྟེགས་བུ་གྲྭ་བཞིར་རྒྱལ་པོ་ཆེན་པོ་བཞི་གོ་ཆ་བགོས་པ་གཏུམ་པ་འཇིགས་པར་བྱེད་པའི་གཟུགས་བྲི་བར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6784#UT22084-092-001-6784