Degé Kangyur volume 92, F.171.a

དང་། ཡམས་ཀྱི་ནད་དང་། ཕ་རོལ་གྱི་འཁོར་རམ། རང་གི་འཁོར་ལ་གནོད་པ་དང་། དགྲ་དང་། ཕྱིར་རྒོལ་བ་དང་། འགྱེད་པ་དང་། གཡུལ་སྤྲོད་པ་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། ནད་འབྱུང་བ་དང་། ནད་མེད་པ་དང་། ཆར་འབབ་པ་དང་། ཤིན་ཏུ་ཆར་འབབ་པ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པར་འབབ་པ་དང་། དར་བ་དང་། རྒུད་པ་དང་། འབྱོར་པ་དང་། མི་འབྱོར་པ་དང་། འོང་བ་དང་། འགྲོ་བ་དང་། ནོར་དང་། འབྲུ་རྙེད་པ་དང་། འཕེལ་བ་དང་། འབྲི་བ་དང་། ལོ་ཉེས་པ་མཐོང་བ་དང་། འཁོར་བ་ན་ད་ལྟར་གྱི་ལས་གང་ཅུང་ཟད་ལེགས་པར་བྱེད་པ་དང་། ཉེས་པར་བྱེད་པ་དང་། དགེ་བའམ། མི་དགེ་བའམ། འབྲི་བའམ། འཕེལ་བའམ། སྐྱེ་བ་ལེགས་པར་སྐྱེ་བའམ། ངན་པར་སྐྱེ་བ་དང་། བུ་འབྱུང་བ། བུ་ཕོའམ། བུ་མོའམ། བུ་བཟང་པོའམ། བུ་ངན་པའམ། བསོད་ནམས་ཅན་ནམ། བསོད་ནམས་མེད་པ་མངལ་ན་གནས་པ་དེ་དག་བདེན་པ་ཉིད་དུ་མཐོང་སྟེ། ལས་ཀྱི་ཆོ་ག་ལེགས་པར་བྱས་པས་ཐེ་ཚོམ་མི་བྱའོ། །​ཚེས་གྲངས་དང་། རྒྱུ་སྐར་དང་། ཉིན་མཚན་བརྗོད་པར་བྱ་མི་དགོས་ཀྱི་བཟླས་བརྗོད་དང་། གཏོར་མ་དང་། གཙང་སྦྲ་དང་། བཀྲུ་བཤལ་དང་། ཤིན་ཏུ་ཁྲུས་བྱ་བ་དང་། གོས་གཙང་མ་བཅང་བ་དང་། བདེན་པར་སྨྲ་བ་དང་། བྱམས་པའི་སེམས་དང་། བླ་མ་ལ་ལེགས་པར་མཉན་པ་དེ་གཟུང་བ་ཁོ་ནར་བྱའོ། །​ཟས་དང་། སྐོམ་གཙང་མ་དང་། ཆང་དང་། ཤ་དང་། བེག་བཙོང་དང་། སྒོག་སྐྱ་དང་། ཀེའུ་དང་། འདྲེས་པར་བྱས་པའི་འདྲེས་པའི་ཟས་ཡོངས་སུ་སྤང་བ་དང་། ཤིན་ཏུ་སྤགས་པ་དང་། དེ་དག་ནི་ཁྱད་པར་འདོད་པས་ཡོངས་སུ་སྤང་བར་བྱས་ན་ལས་འདི་ནི་མོད་ལ་ཐམས་ཅད་མངོན་དུ་མཐོང་བར་འགྱུར་རོ། །​དཀའ་ཐུབ་སྤྱོད་པ་ལ་བརྙས་སེམས་མི་བྱ། མ་གུས་པ་མི་བྱའི་ལྐོག་ཏུའང་མི་བྱའོ། །​རྗེས་སུ་བསྟན་པ་དེ་དག་ནི་མཆོག་ཡིན་ནོ། །​བསྒྲུབ་པར་བྱ་བ་མཆོག་དེ་དག་ནི་འཇིག་རྟེན་དབང་ཕྱུག་མགོན་པོས་བཀའ་སྩལ་པ་ཡིན་ནོ། །​དངུལ་ལས་མེ་ལོང་ཆུ་ཞེང་དུ་སོར་བཅུ་དྲུག་པ་བྱས་ལ་ཟངས་ལས་པདྨོའི་གདན་ཁྲུ་གང་གི་ཚད་སྡོང་བུ་དང་བཅས་པར་བྱའོ། །​མེ་ལོང་གི་གོང་དུ་དངུལ་ལམ། གསེར་ལས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6783#UT22084-092-001-6783