Degé Kangyur volume 92, F.162.b

པས་སྡིག་པ་ཐམས་ཅད་ཕྱེ་མར་རློག་གོ། །​རྣམ་པར་གྲོལ་བར་འགྱུར་རོ། །​སྡོམ་པ་ཆེན་པོ་ཡང་དག་པར་འཛིན་པར་འགྱུར་རོ། །​གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་སྙེད་ཀྱི་དེ་བཞིན་གཤེགས་པ་བྱང་ཆུབ་སྙིང་པོ་ལ་མངོན་དུ་གཤེགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བ་དང་འདྲ་བར་རིག་པར་བྱའོ། །​རས་ཀྱི་སྐུ་གཟུགས་འདི་མཐོང་བ་ནི་གཞལ་མེད་ཁང་དང་བཅས་པའི་རི་བོ་པོ་ཊ་ལན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་གྱི་དཀྱིལ་འཁོར་དང་བཅས་ཏེ་མངོན་དུ་བཞུགས་པ་མངོན་དུ་མཐོང་བ་དང་འདྲ་སྟེ། འདི་ལ་ཐེ་ཚོམ་མི་བྱའོ། །​ཡིད་གཉིས་བསྐྱེད་པར་མི་བྱའོ། །​སེམས་ཀྱིས་སྐད་ཅིག་གཅིག་རབ་ཏུ་དང་བ་བྱས་ན། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་གཟུང་བར་འགྱུར་རོ། །​དགེ་བའི་རྩ་བ་ཆེན་པོ་སོགས་པ་དང་ལྡན་པར་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགོངས་ཏེ་མཆོག་སྦྱིན་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ། །​ལུས་དང་སེམས་ཡིད་ལས་བྱུང་བའི་ཡོངས་སུ་དག་པར་འགྱུར་རོ། །​དབང་པོ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །​དྲི་མ་དང་བྲལ་ཞིང་སེར་སྣ་དང་། ཕྲག་དོག་དང་བྲལ་བར་འགྱུར་རོ། །འཇིག་རྟེན་པ་ཐམས་ཅད་དགའ་བ་དང་། བླ་མར་ལྟ་བར་འགྱུར་རོ། །​ཚེ་རིང་པོར་འགྱུར་རོ། །​ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །​ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །​ཚེ་རབས་དྲན་པར་འགྱུར་རོ། །​པདྨའི་ནང་ནས་རྫུས་ཏེ་སྐྱེ་བར་འགྱུར་རོ། །​མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྐུ་གཟུགས་འདི་གང་གིས་མཆོད་པ་དེ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །​འདི་ནི་མངལ་ན་གནས་པའི་ཐ་མ་ཡིན་ཏེ། ཕྱིས་མ་རིག་པའི་མུན་པའི་ནང་དུ་ལྟུང་བར་མི་འགྱུར་རོ། །​དེ་ལྟར་ན་མི་མཉམ་པ་དང་འདྲ་བ་ཡིན་ཏེ། རས་ཀྱི་སྐུ་གཟུགས་ཀྱི་ཆོ་ག་འཇིག་རྟེན་ལས་འདས་པ་སྒྲུབ་པའི་ཆོ་ག་འདི་ནི་དམ་པ་ཡིན་ནོ། །​དེ་ནས་གསང་སྔགས་ཀྱི་ཆོ་ག་འཇིག་རྟེན་ལས་འདས་པ་སྒྲུབ་པ་བརྗོད་པར་བྱའོ། །​གང་གིས་དྲན་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6766#UT22084-092-001-6766