Degé Kangyur volume 92, F.13.a

པ་ཏི། ཀུ་རུ་ཀུ་རུ་ཧཱུྃ། བུམ་པའི་གསང་སྔགས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་སོ། །​ཨོྃ་པད་མོ་པྲ་ས་ར་ཨ་མོ་གྷ་བི་མ་ལེ་བྷ་ར་བྷ་ར་སྭཱ་ཧཱ། ཆབ་ཀྱི་རྒྱུན་གྱི་གསང་སྔགས་ཏེ། ལན་ཉི་ཤུ་རྩ་གཅིག་བཟླས་སོ། །​ཨོྃ་ཨ་མོ་གྷ་པདྨེ་སུ་པདྨེ། པཱུརྞ་ཀ་རེ་དྷི་རི་དྷི་རི་བི་མ་ལེ་སྭཱ་ཧཱ། ལག་པའི་གསང་སྔགས་ཏེ། ལག་པ་གཉིས་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས། དཀྱིལ་འཁོར་དང་གསང་སྔགས་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་དང་། བསྒྲུབ་པའི་དགོས་པ་ཐམས་ཅད་བགྱི་སྟེ། སྒྲུབ་པ་ཐམས་ཅད་ལ་བསྒྲུབ་པར་བགྱི་ཞིང་ལས་ཐམས་ཅད་ལ་དུས་ཐམས་ཅད་དུ་བགྱིའོ། །​ཨོྃ་ཨ་མོ་གྷ་བི་མ་ལེ་ཛི་ཧྭཱ་གྲ་སཾ་ཤོ་དྷ་ནི་སཾ་ཤོ་དྷ་ཡ་དྷ་ར་དྷ་ར་བི་མ་ལེ་པདྨ་ཀ་མ་ལ་དི་ཧྭཱ་སྭཱ་ཧཱ། ལྕེ་སྦྱང་བའི་གསང་སྔགས་ཏེ། དྲི་ཆབ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། ཁ་བཤལ་ལ་ལྕེའི་དྲི་མ་ཡོངས་སུ་དག་པར་འགྱུར་རོ། །​པདྨ་དང་། ཀུ་མུ་དའི་འདབ་མ་དང་། འདྲ་བར་ལྕེ་མཉེན་པར་འགྱུར་རོ། །​སོ་དང་རྐན་དང་མགུལ་པ་ཡོངས་སུ་དག་པར་འགྱུར་རོ། །​ཨོྃ་ཨ་མོ་གྷ་ན་དྷ་བསྟི་སུ་རུ་སུ་རུ་པྲ་བྷུ་རུ་དི་བྱ་གན་དྷི་པདྨ་པྲ་བྷེ་སྭཱ་ཧཱ། གསང་སྔགས་འདིས་ཁར་སྩལ་བའི་རིལ་བུ་ཙན་དན་དང་། ན་ལ་དང་། སྤྲྀ་ཀ་དང་། ཨུཏྤལ་དང་། གུར་གུམ་དང་། གླ་རྩི་ལྷན་ཅིག་བླང་བ་བགྱིས་ལ། ཕྱེ་མ་ཞིབ་མོར་བཏགས་ནས་རིལ་བུ་ཞོ་གཉིས་ཙམ་པའི་ཚད་དུ་སྦྲང་རྩི་དང་ལྷན་ཅིག་སྦྱར་ལ་གསང་སྔགས་སྟོང་རྩ་བརྒྱད་ཚང་བར་བཟླས་བརྗོད་བགྱིས་ཏེ། ཟངས་ཀྱི་སྣོད་ཀྱི་ནང་དུ་སྩལ་ནས་བཟླས་བརྗོད་བགྱིད་པའི་ཚེ་ཁར་སྩལ་ནས་སྐད་ཅིག་ཙམ་ཞིག་བསྡད་པ་བགྱིས་ན། རྟག་ཏུ་ཁ་ནས་ཨུཏྤ་ལའི་དྲི་འབྱུང་བར་འགྱུར་ཏེ། རྒྱང་གྲགས་ཙམ་དུ་ཐེ་ཚོམ་མེད། །​དེ་བཞིན་གཤེགས་པ་ཐམས་ཅད་དང་། །​དེ་བཞིན་བྱང་ཆུབ་སེམས་དཔའང་དགྱེས། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་མགོན་པོ་མཆོག་ཏུ་དགའ་བར་འགྱུར་རོ།​། །​།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་གཉིས་པ། བཟླས་པས་བདེ་བར་འགྲུབ་འགྱུར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6468#UT22084-092-001-6468