Degé Kangyur volume 92, F.12.a

ཐམས་ཅད་ཟིལ་གྱིས་མནན་པར་འགྱུར་རོ། །​འཇིག་རྟེན་པའི་བགྱི་བ་ངན་པ་དང་། སྔགས་ངན་པ་དང་། སེམས་ངན་པ་དང་། བགྱིད་པ་ངན་པ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ། །​ཨོཾ་ཨ་མོ་གྷ་པ་རི་ཤུད་དྷེ་ཤོ་དྷ་ཡ་ས་མནྟེ་ན། དྷི་རི་དྷི་རི་ཤུད་དྷ་ས་ཏྭ་མ་ཧཱ་པདྨེ་ཧཱུྃ། འདིས་པའི་རྣམ་ལྔ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། དཀྱིལ་འཁོར་གྱི་སའི་ཆ་མཐའ་དག་ན། གཙུག་ལག་ཁང་ངམ། དགོན་པའམ། བྱ་སྐྱིབས་སམ། ཚང་ཆིང་ངམ། འཆག་སའམ། གནས་སམ། ཚལ་ལམ། ནགས་ཚལ་ལམ། སྐྱེད་མོས་ཚལ་ལམ། ཀུན་དགའ་ར་བའམ། བྲང་སའམ། སྐྱབས་སམ། ཁང་པ་ལ་གཏོར་ན་སྟོང་པའམ། མི་སྟོང་པའམ། འདམ་རྫབ་དང་། མི་གཙང་བ་དང་། ཕྱག་དར་གྱིས་གང་བ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་ལ་སོགས་ཏེ་རིགས་ངན་པ་ཐམས་ཅད་ཡོངས་སུ་སྤངས་པར་འགྱུར་རོ། །​གཙང་བ་དག་པར་འགྱུར་རོ། །​གནས་གཙང་མར་འགྱུར་རོ། །​བདག་ཉིད་ལ་དབང་བསྐུར་ན་བཟའ་ཉེས་དང་། བགོ་ཉེས་དང་། གནོད་ལྟས་དང་། གནོད་སྒྲིབ་ཀྱི་གནས་ངན་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །གཙང་མ་དག་པར་འགྱུར་རོ། །​མི་གཙང་བ་གཙང་བར་འགྱུར་རོ། །​ཚངས་པར་སྤྱོད་པ་མ་ལགས་པ་ཚངས་པར་སྤྱོད་པར་འགྱུར་རོ། །​བསྙེན་གནས་མ་བགྱིས་པ་ནི་བསྙེན་གནས་བགྱིས་པར་འགྱུར་རོ། །​དེ་ལ་ལྷ་ཐམས་ཅད་བསྲུང་བ་དང་། བསྐྱབ་པ་དང་སྦ་བ་བགྱིད་པར་འགྱུར་རོ། །​དབང་ཕྱུག་དང་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། ཁྱབ་འཇུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་ལ་སོགས་པ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ། རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །​འཇིག་རྟེན་པ་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང་། མཆོད་པར་འོས་པར་འགྱུར་རོ། །​ཚིག་བཙན་པར་འགྱུར་རོ། །​ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །​སྡིག་པ་དང་། སྒྲིབ་པ་དང་། གནོད་པ་ལ་སོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །​ཕྱོགས་བཞིར་ཀུན་ཏུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6466#UT22084-092-001-6466