།དེ་ཡིས་ང་ཡི་མགོ་བོ་བསླངས་པ་ན། །དེ་ཚེ་ང་ཡིས་མགོ་བོ་བཅད་དེ་བྱིན། །ང་ནི་བསོད་ནམས་མཉམ་ཞེས་བྱར་གྱུར་ཚེ། །གྲོང་དང་གྲོང་ཁྱེར་དག་དང་ལམ་སྲང་སྒོ། །ཐམས་ཅད་དུ་ཡང་རྒྱ་ཆེ་སྨན་གྱི་རྣམས། །དེ་དག་སེམས་ཅན་དོན་ཕྱིར་ངས་བཞག་གོ །སྲིད་པ་རྣམས་ལ་སྤྱོད་པ་གང་གི་ཚེ། །ང་སྔོན་རྒྱལ་པོ་དགེ་བར་གྱུར་པ་ན། །བུད་མེད་གཟུགས་བཟང་གསེར་དང་མུ་ཏིག་གིས། །ལུས་བརྒྱན་སྟོང་དག་ངས་ནི་བཏང་བ་བྱས། །གང་ཚེ་ང་སྔོན་མི་ཡི་རྒྱལ་པོ་ནི། །རིན་ཆེན་གཙུག་ཕུད་གྱུར་ཚེ་མེ་ཏོག་དང་། །སྤོས་མཆོག་རྣམས་དང་གསེར་གྱིས་བརྒྱན་པ་ཡི། །ཅོད་པན་དཔལ་ལྡན་དམ་པ་ངས་བཏང་ངོ་། །ང་སྔོན་རྒྱལ་པོ་མོས་ལྡན་གྱུར་པའི་ཚེ། །ཤིང་བལ་འདའ་བ་འཇམ་པ་ལྟ་བུ་དང་། །པད་མའི་འདབ་མཉེན་ལྟ་བུར་འཇམ་གཞོན་པའི། །ལག་པ་རྐང་པ་དག་ཀྱང་ངས་བཏང་ངོ་། །དེད་དཔོན་སེང་གེ་འཛིན་དུ་གྱུར་པ་ན། །སྙིང་རྗེ་མེད་ཅིང་མི་བཟད་རབ་གཏུམ་པའི། །སྲིན་མོ་བརྒྱ་དག་ཤིན་ཏུ་ཚར་བཅད་ནས། །རྒྱ་ཤུག་གླིང་དུ་མི་རྣམས་བཀོད་པར་གྱུར། །གང་ཚེ་མིག་བཟངས་ཞེས་བྱར་གྱུར་པ་ན། །བྱིས་པ་འདོད་དང་ལྡན་ཞིང་ཡིད་རྨོངས་པ། །སྲིན་མོ་དག་ལ་ན་ཆུང་འདུ་ཤེས་པ། །ཚོང་པ་ལྔ་བརྒྱ་དེ་དག་ཐར་བར་བྱས། །གང་ཚེ་བསོད་ནམས་འོད་ཟེར་གྱུར་པ་ན། །ལྷ་ཡི་བུ་མོ་ལྟ་བུའི་གཟུགས་ལྡན་པའི། །བུད་མེད་བྱེ་བ་ཕྲག་བཞི་སྤངས་ནས་སུ། །རྒྱལ་བའི་བསྟན་པ་ལ་ནི་རབ་ཏུ་བྱུང་། །སེམས་ཅན་དོན་ཕྱིར་ང་ནི་སྤྱོད་པ་ན། །དྲི་མེད་དག་པའི་གསེར་གྱི་མདོག་ཅན་གྱི། །རྒྱལ་པོར་གང་ཚེ་ང་ནི་གྱུར་པ་ན། །སོར་མོ་དྲ་བས་འབྲེལ་བ་རྒྱ་ཆེན་བཏང་། །རྒྱལ་པོ་ཨུད་པལ་མིག་ཅེས་བྱར་གྱུར་ཚེ། །པད་མ་སྔོན་པོ་བཟང་པོའི་མདོག་འདྲའི་མིག །ཡིད་དུ་འོང་ཞིང་སྙིང་དུ་སྡུག་གྱུར་པ། །འགྲོ་བའི་དོན་དུ་ང་ཡིས་བཏང་བ་བྱས། །སྨན་པའི་རྒྱལ་པོ་སྐྲ་འདྲར་གྱུར་པའི་ཚེ། །སྡུག་དང་བྲལ་བས་ཉེན་པ་མཐོང་ནས་ནི། །བུད་མེད་ཆ་བྱད་གཟུགས་ལ་བློ་ཉམས་པ། །ངས་ནི་སྙིང་རྗེས་ཡོངས་སུ་ཐར་བར་བྱས། །སྔོན་གྱི་སྲིད་པར་ཀུན་མཐོང་གྱུར་པ་ནི། །ནད་ཀྱིས་བཏབ་པའི་ནད་པའི་མི་མཐོང་ནས། །ང་ཡིས་རང་གི་ཁྲག་ཀྱང་བྱིན་གྱུར་ཏེ། །མི་དེ་ངས་ནི་ནད་དང་བྲལ་བར་བྱས།