།འཇམ་དཔལ་དེ་ལྟར་ན་དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །ནག་པོ་དང་ནི་དཀར་པོ་ཡི། །སྡིག་དང་ཁ་ན་མ་ཐོ་དང་། །ཁ་ན་མ་ཐོ་མེད་པའི་ལས། །རབ་འབྲིང་ཐ་མ་འདྲེས་བྱས་པས། །གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་ཞིང་། །ཚོལ་བར་ཀུན་དུ་འཁོར་བ་ཡིན། །དེ་ལ་གཤིན་རྗེའི་འཇིག་རྟེན་མེད། །དེ་ནི་ངོ་བོ་ཉིད་ཀྱིས་སྟོང་། །རྨི་ལམ་ན་ནི་མྱོང་བ་བཞིན། །འཇུག་པ་མེད་ཅིང་གྲུབ་པ་མེད། །གཤིན་རྗེའི་འཇིག་རྟེན་ཡོད་མིན་པས། །དེས་ན་ཏིང་ངེ་འཛིན་དུ་བསྟན། །འཇམ་དཔལ་དེ་ལྟར་ན་གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །འཇམ་དཔལ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་འདོད་ཆགས་ཏིང་ངེ་འཛིན་དུ་རྟོགས་པར་བྱ་ཞེ་ན། །ཡོངས་སུ་རྟོག་ལས་འདོད་ཆགས་འབྱུང་། །རྟོག་པ་དེ་ཡང་འབྱུང་བ་མེད། །འབྱུང་བ་མེད་ལ་གནས་པ་མེད། །དེ་ཡི་གནས་ཀྱང་རྙེད་མི་འགྱུར། །གནས་མེད་གནས་པ་ཡོད་མིན་པས། །འདོད་ཆགས་ནམ་མཁའ་འདྲ་བ་ཡིན། །བྱིས་པ་བསླད་པར་གྱུར་རྣམས་ཀྱིས། །ཀུན་ནས་ཉོན་མོངས་ཡོངས་སུ་བརྟགས། །ཀུན་ནས་ཉོན་མོངས་མེད་ཆོས་དེ། །འདོད་ཆགས་ཞེས་བྱའི་མིང་གིས་བརྗོད། །ཕྱོགས་བཅུ་དག་ཏུ་བཙལ་བྱས་ཀྱང་། །དེ་ཡི་དངོས་པོ་རྙེད་མི་འགྱུར། །འདོད་ཆགས་དངོས་པོ་མེད་པ་ལ། །བྱིས་པ་རྨོངས་པ་འཇིགས་བྱེད་དེ། །འཇིགས་མེད་འཇིགས་པའི་འདུ་ཤེས་ཅན། །དེ་དག་ལ་ནི་བདེ་བ་མེད། །ཇི་ལྟར་སྐྱེས་བུ་ལ་ལ་དག །མཁའ་ལ་འཇིགས་པར་འདུ་ཤེས་ནས། །སྐྲག་ཅིང་བདག་གིས་ནམ་མཁའ་ནི། །མི་མཐོང་བྱ་ཞེས་འབྲོས་བྱེད་ཀྱང་། །ནམ་མཁས་ཀུན་དུ་ཁྱབ་པས་ན། །སུ་ཡང་དེ་ལས་མི་ཐར་ཏེ། །བྱིས་པ་བསླད་པར་གྱུར་རྣམས་ཀྱིས། །ཕྱིན་ཅི་ལོག་ཏུ་རྣམ་པར་བརྟགས། །དེ་ལྟར་ཆོས་རྣམས་མཁའ་འདྲ་བར། །ཤེས་པར་མ་གྱུར་བྱིས་པ་རྣམས། །དངོས་པོ་མེད་པའི་འདོད་ཆགས་ལ། །ཡོངས་སུ་སྤང་བར་མངོན་པར་འདོད། །འདོད་ཆགས་ནམ་མཁའ་འདྲ་བས་ན། །སུ་ཡང་དེ་ལས་གྲོལ་བ་མེད། །གྲོལ་ཞིང་རྣམ་གྲོལ་ཕུན་སུམ་ཚོགས།