བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་མ་དད་པ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་ནས་ལུས་ཞིག་སྟེ། གུམ་པའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་བར་རྗེས་སུ་བསྲུང་བར་བགྱི་འཚལ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་དག་གི་མདུན་དུ་བརྗོད་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ནི་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོས་གསོལ་པ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཆོས་བཅུ་པ་ཞེས་བྱ་བར་ཟུང་ཤིག །བྱང་ཆུབ་སེམས་དཔའི་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་དྲི་མེད་རྣམ་དག་རིན་ཆེན་ཟླ་འོད་རྒྱལ་པོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཆོས་བཅུ་པའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་སུ་རེན་དྲ་བོ་དྷི་དང་ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་པ་སྟེ་ཀུན་ནས་སྒོའི་ལེའུ་བསྟན་པ། བམ་པོ་གཅིག་པ། རྒྱ་གར་སྐད་དུ། ཨཱརྱ་ས་མན་ཏ་མུ་ཁ་པ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཀུན་ནས་སྒོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།