Degé Kangyur volume 63, F.35.b

རྣམས་དང་མཚུངས་པ་ཡིན་ནོ། །​སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གང་ཞིག་དང་ལྡན་ན། མ་ཡིན་པའི་བཟོད་པ་དང་ལྡན་པ་ཞེས་བྱ་སྟེ། སྤོང་བ་པ་རྣམས་དང་མཚུངས་པ་མ་ཡིན། མཉམ་པ་མ་ཡིན་འདྲ་བ་མ་ཡིན་ཏེ། དམིགས་པའི་ལྟ་བ་ཅན་རྣམས་ནི་དགེ་སྦྱོང་གི་ཡོན་ཏན་དང་། དགེ་སྦྱོང་གི་ཆོས་དང་། དགེ་སྦྱོང་གི་ཆོ་ག་དང་། དགེ་སྦྱོང་གི་ཚུལ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །​བྱེ་བ་བརྒྱ་སྟོང་གི་ཆ་ཙམ་དུ་ཡང་ཉེ་བར་མི་འགྲོ་སྟེ། ཤཱ་རིའི་བུ་དེས་ན་སྟོང་པ་དང་ཟད་པ་དང་ཉམས་པ་ཞེས་བྱའོ། །​འཇིག་རྟེན་གྱི་ཟང་ཟིང་ལ་ལྷག་པར་ཞེན་པ་དགེ་སྦྱོང་དུ་ཁས་འཆེ་བ་དེ་དག་ནི་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་བཅོས་པ། དད་པས་བྱིན་པ་ལ་ལོངས་སྤྱོད་པར་བྱེད་པ། རྟག་ཏུ་ཆོམ་རྐུན་པའི་རྟགས་ཐོགས་པ། རྒྱལ་མཚན་སྙོལ་བར་བྱེད་པ་ཡིན་ཏེ། ཇི་ལྟར་ཡོངས་སུ་དག་པའི་ཡོན་གནས་འཇིག་རྟེན་པའི་བསོད་ནམས་ཀྱི་ཞིང་རྣམས་ཀྱིས་ཡོངས་སུ་ལོངས་སྤྱད་པ་ལྟར་ཁམ་གཅིག་ཙམ་ཡང་ཡོངས་སུ་དག་པར་ལོངས་སྤྱོད་པར་མི་བྱེད་པས་དེ་དག་ནི་ཡོངས་སུ་ལོངས་མ་སྤྱད་པ། རིགས་པ་མེད་པ། གྲོལ་བ་མེད་པ་ཡིན་པས། ཤཱ་རིའི་བུ་དེས་ན་སྟོང་པ་དང་། ཉམས་པ་དང་། ཟད་པ་ཞེས་བྱའོ། །​ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱིམ་པ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་རྣམས་ལ་ལོག་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་གང་ཡིན་པ་ཞིག་ཡོད་པར་གྱུར་ལ། སྲོག་གཅོད་པའི་ཁྱིམ་པ་དེ་འདུག་ནས་ཅི་ནས་ཀྱང་རྟག་པར་རྒྱུན་ཏུ་སྲོག་གཅོད་ཅིང་འཚེ་བར་བྱེད་དམ། འོན་ཏེ་དུས་ཐམས་ཅད་དུ་ནི་མ་ཡིན། གསོལ་པ། བཅོམ་ལྡན་འདས་སྲོག་གཅོད་པའི་ཁྱིམ་པ་མཆིས་ཀྱང་རྟག་པར་རྒྱུན་དུ་སྲོག་ཆགས་རྣམས་ཀྱི་སྲོག་ལ་འཚེ་བར་མི་བགྱིད་དེ། བཅོམ་ལྡན་འདས་སྲོག་གཅོད་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་གམ། མཚན་གཅིག་སྲོག་མི་འགུམ་ཞིང་འཚེ་བར་མི་བགྱིད་པ་ནི་ཆེས་ངོ་མཚར་ལགས་ཀྱི། བཅོམ་ལྡན་འདས་སྲོག་གཅོད་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་གམ་མཚན་གཅིག་སྲོག་ཆགས་རྣམས་ཀྱི་སྲོག་ལ་འཚེ་བར་བགྱིད་པ་ནི་ངོ་མཚར་མི་ཆེ་ལགས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh220.html?part=UT22084-063-001-874#UT22084-063-001-874