Degé Kangyur volume 63, F.77.b

པ་ཡིས། །​གང་དུ་ཇི་ལྟར་འགྱུར་ཞིག་ཅེས། །​མི་བཟད་ཆོ་ངེས་འདེབས་པར་འགྱུར། །​ཕུང་པོ་མེད་ལ་ཕུང་བློ་དང་། །​བདག་མེད་བདག་གི་འདུ་ཤེས་ཀྱིས། །​དེ་དག་རང་གི་མཚན་ཐོས་ནས། །​སྡུག་བསྔལ་གྱིས་ནི་སྐྲག་པར་འགྱུར། །​ཇི་ལྟར་སངས་རྒྱས་བསྟན་པ་ཡི། །​ཕུང་པོའི་དོན་ནི་མ་ཤེས་པས། །​མཐར་ཕྱིན་རྟོགས་པར་འགྱུར་སྙམ་པའི། །​འཇིག་དང་བཅས་ལ་བདེ་བར་ལྟ། །​འདས་པའི་ཕུང་པོ་གང་ཡིན་དང་། །​མ་འོངས་པ་དང་ད་ལྟར་བྱུང་། །​དེ་བཞིན་དུས་གསུམ་གང་ཡིན་པ། །​ངས་ནི་འདིར་མཚུངས་སྟོང་པར་བསྟན། །​འདས་པའི་སངས་རྒྱས་གང་ཡིན་པ། །​རྒྱལ་བ་ཐམས་ཅད་བྱུང་བ་ཡང་། །​དེ་དག་མཚན་ཉིད་སྟོང་པ་ཡི། །​ཆོས་རྣམས་ཐམས་ཅད་སྟོན་པར་མཛད། །​མ་འོངས་པ་ཡི་སྟོན་པ་གང་། །​དེ་བཞིན་གཤེགས་པ་འབྱུང་དེ་དག །​རང་གི་མཚན་ཉིད་སྟོང་པ་ཡི། །​འདྲེན་པའི་ཆོས་ནི་སྟོན་པར་མཛད། །​ད་ལྟར་ཁྱོད་སྟོན་ང་དང་ནི། །​སྟོན་པ་གང་དག་རྣམས་བཞུགས་ཀུན། །​རང་གི་མཚན་ཉིད་སྟོང་པ་ཡི། །​ཆོས་ནི་རྣམ་པར་འཆད་པར་མཛད། །​ཇི་ལྟར་སངས་རྒྱས་ཀྱིས་བཤད་པའི། །​ཕུང་པོ་འདི་དག་མ་ཤེས་པས། །​འདི་ལྟར་བདག་དང་སེམས་ཅན་ཞེས། །​འཛིན་པ་བཟང་འགྲོར་མི་འགྲོ་འོ། །​རིམས་དྲག་འཇིགས་སུ་རུང་བ་དང་། །འདི་འདྲ་མི་བཟད་འབྱུང་འགྱུར་བ། །​དེར་ཁྱོད་འབྱུང་བར་མི་འགྱུར་བར། །​མྱུར་དུ་བརྩོན་འགྲུས་བསྐྱེད་པར་གྱིས། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །​མདོ་སྡེ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་དང་། རྣམ་པར་འཐག་པ་ཐེག་པ་ཆེན་པོའི་མདོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་སྡེ་སྣོད་ཅེས་བྱ་བ་དང་། ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷ་དང་། ལོ་ཙཱ་བ་དགེ་སློང་དཔལ་གྱི་ལྷུན་པོས། ཕོ་བྲང་ལྷན་དཀར་དུ་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh220.html?part=UT22084-063-001-943#UT22084-063-001-943