Degé Kangyur volume 63, F.22.b

བྱེད་དོ། །​གང་དག་གིས་མཚན་ཉིད་མེད་པ་དང་། འབྱུང་བ་མེད་པ་དེ་ལྟ་བུ་དེ་དག་ཐོས་ནས་མི་སྐྲག་མི་དངང་། དངང་བར་མི་འགྱུར་ན། ཤཱ་རིའི་བུ་དེ་དག་ནི་ངས་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་ནོ་ཞེས་གསུང་ངོ་། །​དེ་དག་ནི་ཆོས་འདུལ་བ་འདི་ལ་ཀུན་ཤེས་པ་ཡིན་ནོ། །དེ་དག་ནི་འཕགས་པའི་དགེ་འདུན་ཞེས་བྱའོ། །​འཕགས་པའི་དགེ་འདུན་གྱི་ལེའུ་སྟེ་བཞི་པའོ།​། །​།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་པོ་གསུམ་པ། ཤཱ་རིའི་བུ་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམས་ཀྱི་གདུང་བ་ནི་བཅུ་པོ་འདི་དག་ཡིན་ཏེ། ཚུལ་ཁྲིམས་འཆལ་པའི་དགེ་སློང་མྱ་ངན་གྱི་ཟུག་རྔུ་བཅུ་དང་ལྡན་པ་རྣམས་ནི་སངས་རྒྱས་ཀྱི་གསུང་གི་རོ་མི་མྱང་ངོ་། །​ཆོས་ཟབ་མོ་བཤད་པ་རྣམས་ལ་མི་འཇུག་ཅིང་མོས་པར་མི་འགྱུར་རོ། །​དམིགས་སུ་མེད་པའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཐོས་ན་སྐྲག་པར་འགྱུར། དངང་བར་འགྱུར་ཀུན་དུ་དངང་བར་འགྱུར་རོ། །​དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་མི་ཤེས་སོ། །​ཆོས་སྨྲ་བའི་དགེ་སློང་ལ་ཡང་སྡང་བར་བྱེད་དོ། །​ཆོས་སྨྲ་བའི་དགེ་སློང་ལ་ཡང་ལྟ་མི་འདོད་པར་འགྱུར་རོ། །​བཅུ་གང་ཞེ་ན། ཤཱ་རིའི་བུ་འདི་ལ་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་དགེ་འདུན་འཐུན་པ་ལ་མི་དགའ་ཞིང་ཡིད་མི་བདེ་བ་སྐྱེད་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གི་དགེ་འདུན་འཐུན་པའི་གསོ་སྦྱོང་གི་ལས་ཀྱི་མཐས་བདག་ཉམས་པར་མི་འགྱུར་གྲང་སྙམ་སྟེ། དེ་རང་གི་སྐྱོན་ལ་བལྟས་ནས་རྟག་ཏུ་ཡིད་གཉིས་ཀྱི་སྡུག་བསྔལ་གྱིས་གནས་ཤིང་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ལ་ཡང་གནོད་པར་སེམས་པར་འགྱུར་རོ། །​ཤཱ་རིའི་བུ་འདི་ནི་ཚུལ་ཁྲིམས་འཆལ་པའི་དགེ་སློང་རྣམས་ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་དང་པོ་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །​ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་སྐྱེ་བོ་མང་པོས་སྨད་པའི་འོས་སུ་འགྱུར་རོ། །​གླང་རྭ་རྣོན་བཞིན་དུ་བསྐྲད་པའི་འོས་ཡིན་ཏེ། དེ་རང་གི་སྐྱོན་ལ་ཀུན་ཏུ་བལྟས་ནས་སྡུག་བསྔལ་གྱིས་གནས་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh220.html?part=UT22084-063-001-798#UT22084-063-001-798