འཆི་བྱེད་ཆེན་པོ་གང་དག་ཅི་ཡང་རུང་བ་དང་། གནོད་པ་གང་དག་ཅི་ཡང་རུང་བ་དང་། འཁྲུག་པ་གང་དག་ཅི་ཡང་རུང་བ་དང་། ཁོང་དུ་གནོད་པ་གང་དག་ཅི་ཡང་རུང་བ་ཐམས་ཅད་དང་། འགོ་བའི་ནད་དང་། འགོ་བ་དང་འབྲེལ་བ་གང་དག་ཅི་ཡང་རུང་བ་དེ་དག་ཐམས་ཅད་བྱིས་པ་ཁོ་ན་ལས་འབྱུང་གི་མཁས་པ་ལ་ནི་མ་ཡིན་ཏེ་བདེན་པ་དང་བདེན་པའི་ཚིག་དེས་སོང་ཤིག་སོང་ཤིག་དང་མཁས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་འདི་དག་གིས་བསྲུང་བར་གྱིས་ཤིག་བསྲུང་བར་གྱིས་ཤིག །ཡོངས་སུ་བསྐྱང་པ་དང་། ཡོངས་སུ་བསྐྱང་བ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྡང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བགྱིས་ཤིག །ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏེ། ཨཱ་ཤྭ་སྟེ། ཨཱ་ཤྭ་སྟ་དྒེ། མཱ་མ་ར་མཱ་མ་ར། པྲ་ཤ་མ། ཨུ་བ་ཤ་མ། དུན་ནུ་པི་དུན་ནུ། དུ་ལེ་དུ་མ་ལེ་སྭཱ་ཧཱ། ན་མ་སརྦ་ཤ་བ་རཱ་ཎཱཾ་ན་མོ་མ་ཧཱ་ཤ་པ་རཱ་ཎཱཾ། ཨོཾ་བི་ཤཱ་ཙི་བརྞྞ་ཤ་བ་རི། བི་ཤཱ་ཙེ་སྭཱ་ཧཱ། ཨོཾ་པརྞྞ་ཤ་བ་རི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཾ་ཀུ་རེ། མཾ་ཀུ་རེ། པརྞྞ་ཤ་བ་རི་ཡེ་སྭཱ་ཧཱ། ཨོཾ་བི་ཤཱ་ཙི་པརྞྞ་ཤ་བ་རི། སརྦ་མཱ་རི་པྲ་ཤ་མ་ནི། སརྦ་དུཥྛཱ་ནཱ་ན། བནྡྷ་མུ་ཁེ། སརྦ་མུ་ཁེ་ཧཱུྃ་ཕཊ་སྭཱ་ཧཱ། འཕགས་མ་རི་ཁྲོད་ལོ་མ་གྱོན་པའི་གཟུངས་རྫོགས་སོ།། །།༄༅། །རྒྱ་གར་སྐད་དུ། ཨཱརྱཱ་སརྦ་དྷརྨ་མཱ་ཏྲྀ་ཀཱ་ནཱ་མྀ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་ཕྱག་རྒྱའི་གཟུངས་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཏེ།