།ང་མེད་དགྲ་བཅོམ་འཁྲུལ་པ་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་རིན་ཆེན་སྣ་བདུན་དག་གིས་སྤྲས། །དེ་བཞིན་གཤེགས་པ་སྙན་པར་གྲགས་པ་ཡི། །སྐྱེ་ཡུལ་འཇིག་རྟེན་ཡོན་ཏན་དགའ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གསུམ་ཡབ་ནི་ཕན་འདོད་ཡིན། །བྱང་ཆུབ་འདོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྨ་མེད་སྒྲ་སྒྲོགས་རིམ་གྲོ་པ། །བདུད་རྩིའི་བློ་གྲོས་ཞེས་བྱ་མཁས་པ་སྟེ། །ཆགས་པ་མེད་པའི་སྒྲོན་མ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །བདུད་དང་སྲིད་པའི་དྲ་བ་འཇོམས་པ་པོ། །འབུམ་ཕྲག་སུམ་ཅུ་རྩ་ནི་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་ལེགས་པར་རྣམ་པར་སྤྲས། །འཇིག་རྟེན་མགོན་པོ་ཏོག་ལྡན་སྐྱེ་བའི་ཡུལ། །འོད་འཕྲོ་སྣང་བར་བྱེད་པ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལྷ་དབང་ཡིན། །ཐར་པའི་དབྱངས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཟླ་མཆོག་སེམས་དཔའ་རིམ་གྲོ་པ། །མེ་ཏོག་འོད་ཅེས་བྱ་བ་མཁས་པ་སྟེ། །རྫུ་འཕྲུལ་སྤོབས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང་། །འཇིག་རྟེན་ཆོས་ཀྱིས་གོས་པ་མེད་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན། །རབ་ཏུ་ཞི་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་དྲུག་སྟོང་བར་དུ་གནས། །མཆོད་རྟེན་ཁྲི་ཕྲག་དགུ་བཅུ་རྩ་དྲུག་འབྱུང་། །རྒྱལ་མཚན་བྱེ་བ་སྟོང་གིས་མཛེས་པར་བྱས། །རྒྱལ་བ་གཟི་བརྗིད་རྣམ་པར་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་ཐར་པའི་དབྱངས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་འབྱོར་པའི་ཡོན་ཏན་ཡབ། །རྒྱུ་སྐར་བདག་ཅེས་བྱ་བ་རྒྱལ་བའི་ཡུམ། །