།དེ་བཞིན་གཤེགས་པ་འོད་ཟེར་གྱི་དྲ་བ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་དྲ་བ་མཐའ་ཡས་པ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་སྙེད་ཙམ་མོ། །ཡབ་ནི་ཐུབ་པ་མེད་པའི་ཚོགས་སྟོན་པའི་བློ་གྲོས་ཞེས་བྱའོ། །ཡུམ་ནི་དགྲ་ཐུལ་གཟི་བརྗིད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་འདོད་བཞོ་ཡུལ་འཁོར་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་བརྡ་སྐད་ཟད་མི་ཤེས་པའི་བློ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེའི་དྲ་བས་རྣམ་པར་བརྒྱན་པའི་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཕ་རོལ་གནོན་པའི་བློ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམ་པར་བཅོམ་པ་སྐྱེ་བའི་ཡུལ་ནི་མྱ་ངན་མེད་པའི་རྒྱལ་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་། །ཡབ་ནི་སེང་གེ་རྣམ་པར་རྩེ་བའི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་རིན་ཆེན་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་བརྟུལ་ཞུགས་འབྱུང་བའི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་བྱེད་འོད་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱགས་པའི་སྐྱོན་དང་སྒྲིབ་པ་ཐམས་ཅད་སྤངས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གསལ་བར་བརྩེགས་པའི་སེམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བཻ་དཱུརྱའི་སྙིང་པོ་སྐྱེ་བའི་ཡུལ་ནི་གློག་སྣང་བར་བྱེད་པ་ཤིན་ཏུ་འཕགས་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་རིན་ཆེན་སྙིང་པོ་འོད་ཅེས་བྱའོ། །ཡུམ་ནི་བྱི་རུ་གསལ་ཞེས་བྱའོ། །སྲས་ནི་བཟང་མཆོག་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་བརྟན་པོས་ཕ་རོལ་གནོན་པ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་བཀོད་པའི་གོ་གྱོན་སེང་གེ་ཞེས་བྱའོ།