།འགྲོ་ལ་ཕན་ཕྱིར་དེ་ཡི་དམ་ཆོས་དག །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་བཀུར་ཞིང་མཆོད་པར་འགྱུར། །དེ་བཞིན་གཤེགས་པ་ཡུལ་འཁོར་ཤེས་རབ་ཀྱི། །སྐྱེ་བའི་ཡུལ་ནི་ཡུལ་འཁོར་འབྱུང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡུལ་འཁོར་དབང་པོ་ཡབ། །ཡུལ་འཁོར་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །ཡུལ་འཁོར་བཟང་པོ་ཡུལ་འཁོར་རིམ་གྲོ་པ། །ཡུལ་འཁོར་ཆེན་པོ་བློ་གྲོས་ཅན་ཡིན་ཏེ། །བྱང་ཆུབ་ཕྲད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །སྲེད་དང་ཉོན་མོངས་པ་དང་བྲལ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་བཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །སྲིད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་སྤྱི་བོས་མནོས་པར་འགྱུར། །འཇིག་རྟེན་མགོན་པོ་མཆོག་མ་སྐྱེ་བ་ཡི། །ཡུལ་ནི་ཐམས་ཅད་མཆོག་ཏུ་ཕྱིན་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཉིས་བདག་ཉིད་ཆེན་པོ་ཡབ། །མཆོག་གི་བློ་གྲོས་རྒྱལ་ཡུམ་སྲས་པོ་ནི། །མཆོག་གི་རྒྱལ་པོ་ཡོན་ཏན་རིམ་གྲོ་པ། །ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །ལྷས་མཆོད་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །ཐམས་ཅད་རྣམ་གྲོལ་བྱང་ཆུབ་གཞོལ་བ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་དཔག་ཚད་ནི། །བདུན་ཅུ་པ་སྟེ་གཅིག་ཡིན་བླ་རེས་བརྒྱན། །དེ་བཞིན་གཤེགས་པ་གཟི་བརྗིད་ཚིམ་མཛད་ཀྱི། །སྐྱེ་བའི་ཡུལ་ནི་རིམས་ནད་མེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་གསལ་བ་ཡིན། །གསལ་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཞུམ་མེད་དམན་མེད་རིམ་གྲོ་པ། །ཡོན་ཏན་མཐུ་རྩལ་ཅན་ནི་མཁས་པ་སྟེ།