།བདུད་ལས་རྣམ་གྲོལ་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཚང་བ་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་སྟོང་ཚང་བའི་བར་དུ་གནས་པར་འགྱུར། །རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་གི། །མཆོད་རྟེན་དཔག་ཚད་ལྔ་པ་གཅིག་ཀྱང་འབྱུང་། །སངས་རྒྱས་མེ་ཏོག་ཏོག་ནི་སྐྱེ་བའི་ཡུལ། །མེ་ཏོག་དག་ལ་དགའ་བའི་རང་བཞིན་ཡིན། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་དྲུག་མེ་ཏོག་བཟང་པོ་ཡབ། །རྒྱལ་ཡུམ་མེ་ཏོག་ཅན་ཡིན་མེ་ཏོག་རྒྱས། །སྲས་ཡིན་མེ་ཏོག་བཟང་པོ་རིམ་གྲོ་པ། །མེ་ཏོག་ཆེན་པོའི་གཟི་བརྗིད་བློ་ཅན་ཏེ། །མེ་ཏོག་སྒྲོན་མ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཐ་སྤངས་དུག་རྩ་བཅད་པར་མཚུངས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །དཔག་ཚད་གཅིག་པའི་མཆོད་རྟེན་འབྱུང་འགྱུར་ཏེ། །གསེར་གྱི་དྲ་བ་རྒྱལ་མཚན་དག་གིས་སྤྲས། །འཇིག་རྟེན་མགོན་པོ་སྒྲ་གཅན་འཛིན་དག་གི། །སྐྱེ་བའི་ཡུལ་ནི་རིན་ཆེན་འོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་གཅིག་ཚུལ་ཁྲིམས་བཟང་པོ་ཡབ། །ཚུལ་ཁྲིམས་ཅན་ཡིན་རྒྱལ་ཡུམ་སྲས་པོ་ནི། །ཚུལ་ཁྲིམས་བཟང་པོ་མཆོད་ལེགས་རིམ་གྲོ་པ། །སྲིད་པ་གཅོད་བྱེད་བློ་གྲོས་ཅན་ཡིན་ཏེ། །འགྲོས་བརྟན་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །དྲང་སྲོང་ཐམས་ཅད་ཚང་བར་འདུས་འགྱུར་ཏེ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་བྱེ་བ་ཕྲག །བདུན་ཁྲི་སུམ་སྟོང་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །འགྲོ་བ་ཀུན་གྱིས་བགྲང་བར་ནུས་མ་ཡིན། །དེ་བཞིན་གཤེགས་པ་རྩི་སྨན་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་སྨན་དང་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་རྩ་གཉིས་ཡབ་ནི་མཛོད་བཟངས་ཡིན། །མདངས་དགའ་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །ཐར་འདོད་ཤིན་ཏུ་ཐར་པ་རིམ་གྲོ་པ། །ཡོན་ཏན་ངེས་ཞེས་བྱ་བ་མཁས་པ་སྟེ།