།ཡོན་ཏན་འབྱུང་གནས་ཤེས་རབ་ཆེན་པོ་སྟེ། །རྣམ་པར་བལྟ་བའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དྲང་སྲོང་ཐམས་ཅད་དགྲ་བཅོམ་མཚུངས་པ་པོ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་ཙམ་པ། །རིན་ཆེན་རྒྱལ་མཚན་སྟོང་གིས་མཛེས་པར་བྱས། །དེ་བཞིན་གཤེགས་པ་ཡེ་ཤེས་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་གྲགས་པའི་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་མྱ་ངན་མེད། །ལྷ་ཡི་མཆོད་རྟེན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཤེས་ལྡན་གྲགས་ལྡན་རིམ་གྲོ་པ། །ཕྱོགས་རྣམས་བལྟ་ཞེས་བྱ་བ་མཁས་པ་སྟེ། །བདུད་འཇོམས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅྭ་ལྔ་ཀུན་ལ་ཡང་། །རྣམ་ཐར་བརྒྱད་ལ་གནས་པ་ཐོབ་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །མི་མཆོག་ཏིང་འཛིན་ཐོབ་པའི་དམ་ཆོས་དག །ལོ་གྲངས་བྱེ་བ་བདུན་ཅུ་དྲུག་ཏུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་སུམ་ཅུ་དྲུག །མི་ཡི་མཆོག་མ་ཀུན་ལས་རྒྱལ་བ་ཡི། །སྐྱེ་བའི་ཡུལ་ནི་བདེན་པའི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལག་བཟངས་ཡིན། །ཡོན་ཏན་རྒྱ་མཚོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་བདེན་ལྡན་བདེན་ལེགས་རིམ་གྲོ་པ། །འཕགས་པ་དགྱེས་ཞེས་བྱ་བ་མཁས་པ་སྟེ། །ལག་མཆོག་བཟང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་གཉིས་ཏེ་གཉིས་ཀ་ལའང་། །ནམ་མཁའི་དབྱིངས་ལ་རླུང་ལྟར་ཆགས་མེད་པ། །ཁྲི་ཕྲག་བཅུ་བཅུ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །འཁྲུགས་པ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་གྱི་བླ་རེར་ལྡན། །