།ཉན་ཐོས་འདུས་པ་ནི་ལན་ལྔ་སྟེ་ཐམས་ཅད་ལ་ཡང་འབུམ་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་སྐྱེ་བའི་ཡུལ་ནི་འོད་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་མེ་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་དབང་པོའི་མཚོན་ཆ་ཞེས་བྱའོ། །སྲས་ནི་ཉི་མའི་འོད་ཟེར་ཞེས་བྱའོ། །རིམ་གྲོ་པ་ནི་ཟླ་བཞིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲི་མེད་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་པའི་འོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་གྱི་བློ་གྲོས་སྐྱེ་བའི་ཡུལ་ནི་འབྱོར་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་སྤོབས་པ་ཅན་ཞེས་བྱའོ། །ཡུམ་ནི་ཡོན་ཏན་གྱི་རྗེས་སུ་སོང་བ་ཞེས་བྱའོ། །སྲས་ནི་མེ་ཏོག་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་དེས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་མཉམ་པ་མེད་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་འབུམ་ཕྲག་བརྒྱད་དོ། །གཉིས་པ་ལ་ནི་འབུམ་ཕྲག་དགུའོ། །གསུམ་པ་ལ་ནི་ས་ཡའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་དྲུག་གོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་དབེན་ཞིང་སྐྱིད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་བཞིའོ། །ཡབ་ནི་དབང་པོའི་སྟོབས་ཞེས་བྱའོ། །ཡུམ་ནི་ཙན་དན་བསུང་ཞེས་བྱའོ། །སྲས་ནི་རྡོ་རྗེ་སྦྱིན་ཞེས་བྱའོ། །རིམ་གྲོ་པ་ནི་གསོ་བྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིག་པོ་ཆེ་ཞེས་བྱའོ།