Degé Kangyur volume 45, F.54.a

མཚོར་དེད་དཔོན་བསོད་ནམས་ཁྱིམ་ལག་རྐྱལ་གྱིས་རྒལ་བ་ལས་རིག་པར་བྱ་བ་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་བསམ་གཏན་ནི་དཔེར་ན་བྲམ་ཟེའི་བུ་ནོར་གྱི་བློ་གྲོས་ཀྱིས་སེམས་ཅན་རྣམས་བདེ་བ་ལ་སྦྱར་བའི་ཕྱིར་ལོ་སྟོང་ཕྲག་བརྒྱད་ཅུར་བྱམས་པ་བསྒོམས་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལས་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་ཤེས་རབ་ནི་དཔེར་ན་རྒྱལ་པོ་བློ་བཟངས་ཀྱིས་སྔོན་གྱི་ཚུལ་ཤིང་ལོང་ལས་རིག་པར་བྱ་བ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རྣམ་པར་སྨིན་པ་མང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པའི་སྦྱིན་པའི་རྣམ་པར་སྨིན་པ་མི་ལྡོག་པ་ནི་དཔེར་ན་རྒྱལ་རིགས་ཀྱིས་ཆུ་བོ་གང་གཱར་དེ་ལ་སོགས་པའི་སྦྱིན་པའི་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའོ། །​བཏང་སྙོམས་ཡོངས་སུ་བཟུང་ཞིང་ཕྱིར་མི་ལྡོག་པ་ཟག་པ་ཟད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​བྱང་ཆུབ་ཐོབ་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​ལུས་ཀྱི་འདུ་བྱེད་འདོར་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​ཆོས་ལ་བཏང་སྙོམས་པས་རབ་ཏུ་ཕྱེ་བས་བྱང་ཆུབ་ཀྱི་སྙིང་པོར་སྐྱོ་བ་མེད་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​བྱང་ཆུབ་ཀྱི་ཡེ་ཤེས་སྟོན་པས་ཤེས་རབ་ཀྱིས་རབ་ཏུ་བཟུང་བ་ནི་དཔེར་ན་བྲམ་ཟེའི་བུ་བྱིས་པ་དཔེར་བརྗོད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རྣམ་པར་སྨིན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མྱ་ངན་ལས་འདས་པའི་སྦྱིན་པ་ནི་དཔེར་ན་དགའ་བའི་སྔོན་གྱི་ཚུལ་ལས་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་སྦྱིན་པའོ། །​འདུས་བྱས་ཀྱིས་ཡིད་བྱུང་ཞིང་མྱ་ངན་ལས་འདས་པའི་བསམ་པ་ཅན་གྱི་ཚུལ་ཁྲིམས་ནི་དཔེར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལ་སྤྱོད་པའི་སྔོན་གྱི་ཚུལ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​ཆགས་པ་མེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13961#UT22084-045-001-13961