Degé Kangyur volume 93, F.53.b

རྒྱ་གང་ཡིན་པས་ཏེ། ཕྱག་རྒྱ་སོ་སོ་སོ་སོ་བ་འདི་རྣམས་ཐམས་ཅད་ཕྱག་རྒྱ་བྱེ་བ་བརྒྱ་སྟོང་ཕྲག་རྣམས་སུ་འགྱུར་རོ། །​བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བྱེད་དོ། །​ཕྱག་རྒྱ་འདི་ནི་ཡིད་བཞིན་གྱི་ནོར་བུའི་མཆོག་སྦྱིན་པ་པོ་འཇིག་རྟེན་དབང་ཕྱུག་མགོན་པོ་དོན་ཡོད་པའི་སྙིང་པོའོ། །​ཤིན་ཏུ་གསང་བའི་ལས་ཐམས་ཅད་དུ་དོན་ཡོད་པའོ། །​དུས་གསུམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པ་དང་། རིགས་ཐུན་མོང་བའི་གསང་བ་དང་། དམ་ཚིག་ཐམས་ཅད་དུ་མཐོང་བའོ། །​ཕྱག་རྒྱ་འདིའི་ད་ལྟར་པའི་འདོད་པ་ཐམས་ཅད་དང་། ཡིད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པར་འགྱུར་བའོ། །​མཆོག་ཐམས་ཅད་སྦྱིན་པར་འགྱུར་བའོ། །​ཕྱག་རྒྱ་འདི་ཉིད་ཀྱིས། གུང་མོའི་སོར་མོས་མཐེ་བོང་གི་སོར་མོ་བསྐུམས་ལ། སྡིགས་མཛུབ་ཀྱིས་བསྡིགས་པར་བྱ། མིང་མེད་དང་། མཐེ་ཆུང་དག་གཅིག་ཏུ་བརྐྱང་ལ། སེན་མོས་སེན་མོ་མཉམ་པར་བཞག་ནས། སྙིང་གའི་གནས་སུ་བཞག་སྟེ། ཁྲོ་བོའི་ལྟ་བ་དང་མཚུངས་པར་བཞག་པས་ཧཱུཾ་ཡིག་གིས་བཙིར་བར་བྱའོ། །​འདི་ནི་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་ཁྲོ་བོ་ཐམས་ཅད་ཀྱི་མཆོག་དང་གཙོ་བོར་བརྗོད་པར་བྱ་སྟེ། རིགས་བྱེ་བ་སྟོང་ཕྲག་རྣམས་ཀྱི་ཐུན་མོང་བའི་ཕྱག་རྒྱ་ཐམས་ཅད་རབ་ཏུ་འཇུག་པར་འགྱུར་རོ། །​ཕྱག་རྒྱ་འཛིན་པ་ཙམ་གྱིས་ཁྲོ་བོའི་ཕྱག་རྒྱ་དང་། དེ་བཞིན་གཤེགས་པའི་རིགས་སུ་བརྗོད་པ་དང་། དེ་བཞིན་དུ་པདྨའི་རིགས་གང་ཡིན་པ་དང་། རྡོ་རྗེའི་རིགས་སུ་བརྗོད་པ་གང་ཡིན་པ་དང་། ཁྲོ་བོའི་རྡོ་རྗེ་དྲག་པོས་འཇིགས་པར་བྱེད་དོ། །​ཁྲོ་བོའི་རྒྱལ་པོ་འདི་ནི་ཐམས་ཅད་དུ་ཁྲོ་བོའི་རྒྱལ་པོར་བརྗོད་པར་བྱ་སྟེ། ནོར་བུའི་རིགས་གང་ཡིན་པའི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་རྣམས་གདུག་པ་རྣམས་འཇིགས་པ་སྦྱིན་པའོ། །​ཐམས་ཅད་དུ་ཕྱག་རྒྱའི་གཙོ་བོ་ཞེས་བྱ་བ། ཁྲོ་བོའི་རྒྱལ་པོ་བླ་ན་མེད་པའོ། །​དེ་བཞིན་དུ་ཁྲོ་བོའི་ལྕགས་ཀྱུའི་ཕྱག་རྒྱ་འདི་འཆིང་བཞིན་པ། རི་རབ་ལྷུན་པོ་བརྒྱ་སྟོང་ཕྲག་དང་། རྒྱ་མཚོ་ཡང་སྐེམས་པར་བྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-7068#UT22084-092-001-7068