Degé Kangyur volume 92, F.194.a

ཡང་རུང་བ་ཉིད་འདོད་ན་ཐམས་ཅད་བླངས་ནས་སོང་ན་སུས་ཀྱང་མི་མཐོང་ལ་གར་དགའ་བར་འགྲོ་བར་འགྱུར་རོ། །​ཇི་སྲིད་དུ་ཁྲུས་མ་བྱས་པ་དེ་སྲིད་དུ་རང་མི་མཐོང་ལ་ཁྲུས་བྱས་ན་ཐམས་ཅད་དུ་མཐོང་ངོ་། །​རིག་སྔགས་འཆང་བུད་མེད་ཀྱི་ནང་དུ་འཇུག་པར་འདོད་པས་གཙང་མར་ཁྲུས་བྱའོ། །​དེ་ནས་སྤོས་ཆུས་ཁྲུས་བྱའོ། །​དེའི་འོག་ཏུ་བ་གཅིན་གྱིས་ཁྲུས་བྱའོ། །​ཡང་ན་གུར་གུམ་གྱིས་ཁྲུས་བྱའོ། །​དེའི་འོག་ཏུ་བའི་རྣམ་ལྔས་ཁྲུས་བྱའོ། །​དེའི་འོག་ཏུ་བའི་ཏིལ་མར་དང་ལྷན་ཅིག་བསྲེས་པ་དེས་ལུས་བསྐུ་བར་བྱའོ། །​དེའི་འོག་ཏུ་བུད་མེད་གཞོན་ནུའི་ནུ་ཞོ་དང་སྦྱར་བས་མིག་ལ་བསྐུས་ལ་དེ་ནས་རིལ་བུ་གསུམ་དཔུང་པ་གཡས་པ་ལ་གདགས་པར་བྱའོ། །​དེ་ནས་གོས་གཙང་མ་བགོས་ནས་གསང་སྔགས་བརྗོད་ཅིང་དྲན་པར་བྱས་ལ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་མི་མཐོང་བར་འགྱུར་ཏེ་ལུས་སུས་ཀྱང་མི་མཐོང་ངོ་། །​ཉི་མ་གཅིག་གམ། ཉི་མ་གཉིས་སམ། ཉི་མ་བདུན་ནམ། ཉི་མ་བཅུ་བཞིའམ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཁྲུས་བྱས་ལ་བུད་མེད་དེ་དག་གི་ནང་ན་རྩེ་ཞིང་དགའ་བར་བྱེད་ལ། ཡོངས་སུ་སྤྱོད་པར་བྱེད་ཀྱང་སུས་ཀྱང་མི་ཤེས་ལ་འཇུག་ཅིང་ཕྱིར་འགྲོ་བ་ན་སུས་ཀྱང་གླགས་མི་རྙེད་དེ། ཇི་སྲིད་དུ་ཁྲུས་མ་བྱས་པའི་བར་དུ་རང་གི་ལུས་མི་སྣང་བར་འགྱུར་རོ། །​ཕུག་ཏུ་འཇུག་ན་ལུས་ཀུན་སྤོས་ཀྱི་ཏིལ་མར་གྱིས་བྱུགས་ལ་ཕུག་ཏུ་ཞུགས་ན་ཕུག་གི་སྒོ་ཐམས་ཅད་ཕྱེ་བར་འགྱུར་གྱིས། གནས་དེའི་ནང་དུ་ཞུགས་ལ་ཇི་ལྟ་ཇི་ལྟར་ལས་སུ་བྱ་བ་དེ་ལྟ་དེ་ལྟར་གྱིས་ཤིག །​ཆུའི་ནང་དུ་ཞུགས་ན་ཇི་ལྟར་ཁྱིམ་གྱི་ནང་ན་འདུག་པ་བཞིན་ཆུས་མི་རླན་ལ། ཆུས་གོས་པར་ཡང་མི་འགྱུར་རོ། །​མེའི་ནང་དུ་ཞུགས་ན་མེས་ལུས་ལ་མི་རེག་ཅིང་ཙནྡན་ལྟར་བསིལ་བར་འགྱུར་རོ། །​ཀླུའི་གནས་མཚོར་ཞུགས་ན་གནས་ན་འཁོད་པ་རྣམས་ཀྱིས་དེ་མི་མཐོང་གིས་ཇི་ལྟར་རང་གིས་ཡིད་ལ་ལས་སུ་བྱ་བར་འདོད་པའི་ལས་ཀྱི་རྣམ་པ་གཞན་དག་ཀྱང་གྱིས་ཤིག །​མི་སྣང་བར་བྱ་བ་རིལ་བུ་སྒྲུབ་པའི་ཆོ་གའོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6829#UT22084-092-001-6829