Degé Kangyur volume 92, F.190.b

རྟག་ཏུ་དབང་དུ་གྱུར་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོ་བོས་རྐང་པའི་དྲུང་དུ་རྟག་འདུད་ལ་མེ་ཡིས་མི་འཚིག །​ཆུ་ཡིས་མི་འཁྱེར་ཞིང་ལུས་ལ་དུག་དང་། སྦྱར་བའི་དུག་དང་། ཕྱེ་མའི་དུག་དང་། བྱད་མི་བཟད་པ་དང་། ངན་སྔགས་དང་། སྡང་བའི་རྣམ་པས་མི་ཚུགས་པར་འགྱུར་རོ། །​ནོར་བུ་ལྟ་བུའི་མཐུས་དེ་དག་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །​རིམས་དང་། སྡུག་བསྔལ་བ་དང་། ནད་དང་། རླུང་དང་། ཀླད་ནད་ཆེན་པོ་ལ་ཐིག་ལེ་བྱས་པ་ལྟ་བུར་མོད་ལ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར། སེམས་ཅན་བཙོན་དུ་གཟུང་བའམ། ཆད་པས་བཅད་པའམ། བཅིང་བར་འོས་པ་ལ་ཐིག་ལེ་ལྟ་བུ་བྱས་པས་དེ་དག་ཐམས་ཅད་ལས་ཐར་བར་འགྱུར་རོ། །​སྨིན་མཚམས་དཔྲལ་བར་ཐིག་ལེ་ལྟ་བུ་བྱས་ན་དེའི་མོད་ལ་གནོད་སྦྱིན་སྟོང་དང་སྲིན་པོ་དྲག་པོའི་གཟུགས་ཅན་གདོན་བརྒྱ་སྟོང་རྣམས་ལུས་ལ་འཇུག་པར་མི་འགྱུར་ཞིང་། གླང་པོ་ཆེ་དང་། རི་དགས་ཀྱི་བདག་པོའི་ཁྱུ་དང་། ཆོམ་རྐུན་དང་། ཤོད་ཀྱི་ལམ་དང་། རིའི་ལམ་དང་། རི་སུལ་དང་། ངམ་གྲོག་དང་། གློག་དང་། གླང་དང་། སྦྲུལ་དང་། སྔང་འཇིགས་ཀྱི་འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ། །​ཐིག་ལེ་ལྟ་བུའི་མཐུས་དགྲའི་སྡེ་སྟོང་སྙེད་ཀྱི་ནང་ན་འགྱེད་པ་ལས་མྱུར་བ་ཉིད་དུ་རྒྱལ་བར་འགྱུར། གཡུལ་དང་། འཐབ་མོ་དང་། ཐ་སྙད་མོད་ཉིད་ལ་ཞི་བར་འགྱུར། དེའི་ཚེ་ནོར་བུ་གཙུག་གི་སྤྱི་བོར་བཏགས་པ་གང་ཡིན་པ་དང་། ཐིག་ལེ་ཡང་བྱས་ནས་འཁོར་ལོ་ལ་བྱུགས་ལ་ཕ་རོལ་གྱི་དམག་ཚོགས་གཡུལ་གྱི་ནང་དུ་ཞུགས་ན་བདག་ཉིད་གཅིག་པུས་དཔུང་གི་ཚོགས་ཡན་ལག་བཞི་པ་ལས་རྒྱལ་བར་འགྱུར། འདིས་ཐམས་ཅད་དུ་ཞུགས་པ་ཙམ་གྱིས་ཕམ་པ་བྱས་པར་འགྱུར་ཞིང་ཕྱོགས་བཅུར་འབྲོས་ལ་ཐམས་ཅད་འཇིགས་པར་འགྱུར་རོ། །​ཐིག་ལེ་བྱས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་པོ་དང་། བཙུན་མོ་དང་། འཁོར་དང་བཅས་པ་དབང་དུ་གྱུར་ནས་ཉེ་བར་འཁོད་དོ། །​ཇི་སྲིད་འཚོའི་བར་དུ་མཆོད་གནས་སུ་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6822#UT22084-092-001-6822