Degé Kangyur volume 92, F.170.a

མ་ཡིན། གནོད་སྦྱིན་དང་། སྲིན་པོའི་གདོན་ཡང་འོང་བར་མི་འགྱུར་རོ། །​ནད་ཐམས་ཅད་འཇུག་པར་མི་འགྱུར། ལུས་ལ་དུག་སྦྱར་མ་དང་། བྱད་དང་སྦོད་གཏོང་གི་འཇིགས་པ་འབྱུང་བར་མི་འགྱུར་རོ། །​རྟག་ཏུ་སྡིག་པ་ཅན་གྱི་རྨི་ལམ་མཐོང་བར་མི་འགྱུར་རོ། །​རྟག་ཏུ་དེ་བཞིན་གཤེགས་པ་ལྟ་བ་མཐོང་བར་འགྱུར་རོ། །​བྱང་ཆུབ་སེམས་ལྟ་བ་མཐོང་བར་འགྱུར་རོ། །​རྟག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་སྟེ། རྟག་ཏུ་མཆོག་སྦྱིན་པ་མཛད་པར་འགྱུར་རོ། །​ལྷ་ཐམས་ཅད་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་འདིས་མཐོང་བར་དགྱེས་པར་འགྱུར་རོ། །​རྟག་ཏུ་ཡོན་ཏན་དང་བསོད་ནམས་འབར་རོ། །​དཔལ་གྱིས་ལུས་ལ་ཤིན་ཏུ་འབར་བའི་ལུས་སུ་འགྱུར་རོ། །​ཐམས་ཅད་དུ་འདི་མཆོད་པར་འོས་པ་ཆེན་པོར་འགྱུར་ཏེ། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། བཙུན་མོའི་འཁོར་གྱིས་མཆོད་པར་འོས་པ་ཆེན་པོར་འགྱུར་རོ། །​ལྷའི་གནས་སུམ་ཅུ་རྩ་གཉིས་ཀྱི་བར་དུ་ཡང་དགྱེས་པར་འགྱུར་ཏེ། མཆོད་པར་བྱེད་དོ། །​ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལྷའི་བདག་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་། དྲང་སྲོང་གི་ཚོགས་རྣམས་ཀྱིས་མཆོད་པར་འོས་པ་ཆེན་པོར་འགྱུར་རོ། །​སེམས་ཅན་ཐམས་ཅད་ཀྱང་རྟག་ཏུ་དེ་མཐོང་བར་འདོད་པར་འགྱུར་རོ། །​རྟག་ཏུ་དགྱེས་པར་སྟོན་པ་བཞེད་པར་འགྱུར་རོ། །​རིག་སྔགས་འཆང་བས་ཁྲུས་བྱས་གོས་གཙང་མ་བགོས་ཏེ་གཙང་མར་བྱས་ལ་དྲི་སྣ་ཚོགས་ཀྱིས་ལུས་བསྐུ་བ་དང་། བདུག་པ་སྣ་ཚོགས་ཀྱིས་བདུག་པ་བྱས་ལ། ཙནྡན་དཀར་པོ་དང་། གུར་གུམ་གྱིས་ལག་པ་གཉིས་བསྐུས་ཏེ། ག་པུར་དང་། གླ་རྩིས་བསྒོས་པའི་ས་ཕྱོགས་གཙང་མར་རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔ་འམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔའམ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ཕྱག་རྒྱ་འདི་བཅིང་བར་བྱའོ། །​མཆོད་རྟེན་རིང་བསྲེལ་ཅན་གྱི་དྲུང་དུ་ཕྱག་རྒྱ་བཅིང་བར་བྱའོ། །​སངས་རྒྱས་ལ་མཆོད་པའི་ཚོགས་ཡོན་ཆབ་ལ་སོགས་པ་དབུལ་བར་བྱའོ། །​བྱམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6781#UT22084-092-001-6781