Degé Kangyur volume 92, F.112.a

པར་སྦྱར་བ་ཡིན་ནའོ། །​བསམས་པ་དང་། རེ་བ་དང་། ཡིད་ཀྱི་ཤིང་རྟ་ཐམས་ཅད་མངོན་པར་སྨྲས་པས་འགྲུབ་པར་བྱེད་དོ། །​འཇིག་རྟེན་དབང་ཕྱུག་གི་གསུང་སྟེ། རྟག་ཏུ་འདི་དག་ཐམས་ཅད་འགྲུབ་བོ། །​ཡི་དགས་རྣམས་ཀྱིས་ཟས་རྙེད་ཅིང་། ལྷ་རྫས་ཀྱི་གོས་དང་རྒྱན་མཆོག་རབ་ཏུ་འགྱུར་རོ། །​བདག་གི་སྡིག་པ་ཐམས་ཅད་རྟག་ཏུ་གྲོལ་བས་དམྱལ་བ་ལས་གྲོལ་ཏེ། དམྱལ་བ་མི་བཟད་པ་ཐམས་ཅད་ལས་གྲོལ་ལོ། །​སྡུག་བསྔལ་ཐམས་ཅད་ལས་གྲོལ་ཏེ། སྐྱེ་བོ་བདེ་བ་ལ་རྩེ་བར་བྱེད་དོ། །​བདེ་ཞིང་བདེ་འགྲོར་འགྲོ་ལ་བདེ་བ་ཐམས་ཅད་དུ་ཐོབ་པར་བྱེད་དོ། །​བདུག་སྤོས་འདིས་བདུགས་པས་མཆོག་གི་དྲི་སྣོམ་པར་བྱེད་དེ། རྡུལ་དང་མུན་པ་ཅན་ཐམས་ཅད་བདུག་པ་བསྣམས་པས་སངས་པར་བྱེད་དེ། དཔེར་ན་ཉི་མ་ཤར་བས་འཇིག་རྟེན་གྱི་མུན་པ་རྣམ་པར་སངས་པར་བྱེད་པ་བཞིན་ནོ། །​བདུག་པའི་རྒྱལ་པོ་འདིས་སྡུག་བསྔལ་ཐམས་ཅད་རྣམ་པར་ཉམས་པར་བྱེད་ཅིང་། དམྱལ་བ་ཐམས་ཅད་དང་སྡིག་པ་དང་འཇིགས་པ་ཐམས་ཅད་ལས་གྲོལ་ཏེ། ས་བཅུ་པོ་ཐོབ་ཅིང་བདེ་འགྲོའི་ལམ་བཟང་པོ་བསྟན་པ་དེའི་ཕྱིར་འབད་པ་ཐམས་ཅད་ཀྱིས་བདུག་པའི་རྒྱལ་པོ་འདི་སྦྱར་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བདུག་པ་ཆེན་པོའི་རྒྱལ་པོ་ཆེན་པོ་ཆོ་ག་ཞིབ་མོ་དང་རྗེས་སུ་མཐུན་པ་འདི་གསུངས་སོ། །​འཇིག་རྟེན་མགོན་པོའི་སྤྱན་སྔར། མཆོད་རྟེན་ལ་སའི་ཕྱོགས་གང་དུ་བདུག་པ་འདིས་བདུག་པ་བྱ་སྟེ། དེ་བཞིན་གཤེགས་པའི་གནས་རྟག་ཏུ་བྱིན་གྱིས་བརླབས་པ་དང་། ཐམས་ཅད་དུ་རྒྱལ་བ་དང་། དེ་བཞིན་དུ་ལུང་བསྟན་པའི་སའི་ཕྱོགས་དེར་གང་གཱའི་བྱེ་མ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་སྙེད་ཀྱི་སངས་རྒྱས་རྣམས་བཞུགས་པ་དེར་རིག་སྔགས་འཆང་གིས་གང་དུ་བདུག་སྤོས་ཀྱིས་བདུགས་པས་རྡོ་རྗེ་འཆང་བྱེ་བ་བརྒྱ་སྟོང་ཕྲག་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས། བཞོན་པ་དང་བཅས་པ་དང་། རྟག་ཏུ་རི་གངས་ལྡན་དང་། དེ་བཞིན་དུ་ནོར་བུ་བཟང་པོ་དང་། ལྔས་རྩེན་དང་། གང་བ་བཟང་པོ་དང་། ཀི་ལཱི་ཀཱི་ལ་དང་། གནོད་སྦྱིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6665#UT22084-092-001-6665