Degé Kangyur volume 92, F.110.a

ཕྱོགས་བཞིར་དཔག་ཚད་བརྒྱར་བྱེར་ནས་ཐག་རིང་པོ་ན་འཁོད་པར་འགྱུར་རོ། །​ཕྱིར་རྒོལ་བ་དང་སྡང་བ་དང་རབ་ཏུ་སྡང་བའི་སེམས་དང་ལྡན་པ་ཐམས་ཅད་དྲི་དེས་འབྱེར་བར་འགྱུར་ཞིང་བྱམས་པའི་སེམས་ཀྱིས་དབང་དུ་འགྱུར་རོ། །​དཔུང་པ་གཡས་པ་ལ་བཏགས་ན་ལག་པས་གླང་པོ་ཆེ་གནོན་པར་འགྱུར་རོ། །​སྟོབས་དང་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོར་འགྱུར་རོ། །​གྱད་ཀྱིས་མི་ཐུབ་པར་འགྱུར་རོ། །​རྡོ་རྗེ་འཆང་དང་འདྲ་བའི་མཐུ་སྟོབས་སྟོན་པར་འགྱུར་རོ། །​མགུལ་དུ་བཏགས་ཏེ་གཡུལ་ངོར་སོང་ན་གཅིག་པུས་དཔུང་གི་ཚོགས་ཡན་ལག་བཞི་ལས་རྒྱལ་བར་འགྱུར་ཞིང་སླར་ཡང་འོང་བར་འགྱུར་རོ། །​སྤྱི་བོར་བཞག་སྟེ་རྒྱལ་པོའི་ཕོ་བྲང་དུ་སོང་ན་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་དང་བློན་པོ་དང་བློན་པོ་ཆེན་པོ་དང་བྲམ་ཟེའི་མདུན་ན་འདོན་པ་དང་བཅས་པ་དབང་དུ་འགྱུར་ཞིང་སྤྱི་བོ་ལ་དབང་བསྐུར་བར་འགྱུར། ཐམས་ཅད་དུ་ཐོགས་པ་མེད་པ་དང་ལྡན་པར་འགྱུར། ལག་པ་ལ་བཏགས་ན་གང་ལ་རེག་པ་དེ་ཐམས་ཅད་དབང་དུ་འགྱུར། ནོར་དང་འབྲུ་དང་། དབྱིག་དང་ནོར་བུ་དང་མུ་ཏིག་དང་། གསེར་ལ་རེག་པ་ཙམ་གྱིས་ཟད་མི་ཤེས་པར་འགྱུར། ས་བོན་གདབ་པ་དང་བརྔ་བ་བྱས་ན་ཟད་མི་ཤེས་པར་འཕེལ་བར་འགྱུར་རིན་པོ་ཆེའི་ལག་པ་དང་འདྲ་བར་འགྱུར། འབྲུའི་ཕུང་པོ་འཕེལ་བར་འགྱུར་རོ། །​ཉི་མ་རེ་རེ་ཟོས་ན་དྲན་པ་དང་། བློ་ཆེན་པོ་འཕེལ་བར་འགྱུར། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར། ནད་ཐམས་ཅད་དང་བྲལ་བར་འགྱུར། རིམས་ཐམས་ཅད་སེལ་བར་འགྱུར། འབྲས་དང་མཛེ་དང་ལྷོག་པ་དང་ལུའུ་ཏ་དང་ཤུ་བ་དང་གཡན་པ་དང་གཡའ་བ་དང་། ཕོལ་མིག་ལ་བྱུགས་པ་ཙམ་གྱིས་འཇིག་པར་འགྱུར་ཞིང་ནམ་ཡང་ཚུགས་པར་མི་འགྱུར་རོ། །​སྦྱོར་བཟླ་བ་གཅིག་ཙམ་དུ་བྱས་ན་ཆོ་ག་ཞིབ་མོ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་མཆོག་འགྲུབ་པར་འགྱུར་རོ། །​དུས་ཀུན་ཏུ་ལུས་ལ་ཐོགས་ན་མཚོན་གཟས་པས་ལུས་ལ་མི་ཚུགས་སོ། །​ཆོམ་རྐུན་དང་གཡོ་ཅན་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །​ཐམས་ཅད་དུ་ཐོགས་པ་མེད་པར་འགྱུར། ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་ཀླད་པ་ན་བ་དང་རྣ་བ་ན་བ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6661#UT22084-092-001-6661