Degé Kangyur volume 92, F.103.b

ལྔ་བྱེད་པ་གང་ཡིན་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེ་དགོངས་པར་འགྱུར་ཞིང་རྨི་ལམ་དུ་སྟོན་པར་མཛད་དོ། །​སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར། མཆོག་ཐམས་ཅད་སྦྱིན་པར་འགྱུར། དོན་ཡོད་པའི་ཞགས་པའི་སྙིང་པོའི་དངོས་གྲུབ་སྦྱིན་པར་འགྱུར། ལྷའི་ལོ་སྟོང་དུ་འཚོ་བར་འགྱུར་ཞིང་ལྷའི་བདེ་བ་ཉམས་སུ་མྱོང་བར་འགྱུར། ནད་ཀྱིས་ཐེབས་པ་ཐམས་ཅད་ལ་མིག་སྨན་འདིས་བསྐུས་ན་ནད་ཐམས་ཅད་ཞི་བར་འགྱུར། རིམས་ཐམས་ཅད་སེལ་བར་འགྱུར་རོ། །​དུག་ཐམས་ཅད་ལ་བསྐུས་པ་ཙམ་གྱིས་དུག་མེད་པར་འགྱུར་རོ། །​འཇིགས་པ་ཐམས་ཅད་ལ་མིག་ལ་བསྐུས་ན་མི་མཐོང་བར་འགྱུར། ཕྱིར་རྒོལ་བ་དང་དགྲ་བོ་དང་གཡོ་ཅན་དང་ཆོམ་པོ་དང་རྐུན་པོ་ཐམས་ཅད་ཀྱིས་མི་མཐོང་བར་འགྱུར་རོ། །​མཚོན་གདབ་པའི་འཇིགས་པ་འབྱུང་བར་མི་འགྱུར། འཐབ་པ་དང་རྩོད་པ་དང་ཁྲག་ཁྲུག་ལ་མིག་ལ་བསྐུས་ན་ཐམས་ཅད་ལས་རྒྱལ་ཞིང་ལན་ཐེབས་པར་འགྱུར་རོ། །​གཡུལ་ངོ་ཐམས་ཅད་དུ་མིག་ལ་བསྐུས་ན་གཡུལ་འགྱེད་པ་ལས་རྒྱལ་བར་འགྱུར་ཞིང་དཔུང་གི་མཆོག་རྒྱལ་བར་འགྱུར་རོ། །​རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཚེ་མིག་ལ་བསྐུས་ན་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དབང་དུ་འགྱུར་རོ། །​མི་སྨྲ་བར་གྲོང་ཁྱེར་དུ་སོང་ན་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་གྲོང་ཁྱེར་ན་གནས་སོ་ཅོག་ཐམས་ཅད་དབང་དུ་འགྱུར་རོ། །​མིག་གཡས་པ་ལ་བསྐུས་ན་རིགས་བཞིའི་འཇིག་རྟེན་གང་མཐོང་བ་དེ་ཐམས་ཅད་དབང་དུ་འགྱུར་རོ། །​མིག་གཡོན་པ་ལ་བསྐུས་ན་རིགས་ངན་ཐམས་ཅད་དབང་དུ་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པ་ནས་བཟུང་སྟེ། དོན་ཡོད་པ་གྲུབ་བའི་རིག་སྔགས་ཀྱི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱེད་ན་དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོ་དང་། གཟུངས་ཐམས་ཅད་སོ་སོར་ལན་སྟོང་ཕྲག་བརྒྱ་བརྒྱ་བཟླས་པར་འགྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6648#UT22084-092-001-6648