Degé Kangyur volume 92, F.100.b

དབང་ཕྱུག་གི་འོག་ཏུ་འཕགས་པ་ཕྱག་ན་རྡོ་རྗེ་འཇིགས་སུ་རུང་བ་གད་རྒྱངས་ཅན་ཁྲོ་བོ་དོན་ཡོད་པའི་རྒྱལ་པོ་དང་སྨྲ་བ་བྱའོ། །​རས་ཀྱི་སྐུ་གཟུགས་འདི་མཐོང་བ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རི་བོ་པོ་ཊ་ལ་ན་གཞལ་མེད་ཁང་དང་བཅས་པ་མངོན་སུམ་དུ་མཐོང་བར་རིག་པར་བྱའོ།​། །​།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་བཅུ་པ། མཐོང་བ་ཙམ་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ལས་ཐར་བར་འགྱུར། འཇིགས་པ་ཆེན་པོ་བརྒྱད་ལས་ཡོངས་སུ་གྲོལ་བར་འགྱུར། མཚམས་མེད་པ་ལྔ་བྱེད་པ་ཡོངས་སུ་ཐར་བར་འགྱུར། དམ་པའི་ཆོས་སྤོང་བ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤོང་བས་མཐོང་བ་ཙམ་གྱི་མོད་ལ་རྣམ་པར་དག་པར་འགྱུར། མནར་མེད་པ་ལ་གཞོལ་བའི་མཐར་ཐུག་པ་ཡང་ཡོངས་སུ་གྲོལ་བར་འགྱུར་རོ། །​ཚངས་པ་ཆེན་པོའི་བསོད་ནམས་བརྒྱ་སྟོང་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར། འཇིག་རྟེན་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་མཆོག་ཐོབ་པར་འགྱུར། འཆི་བའི་དུས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་སྟོན་པར་འགྱུར་ཞིང་དབུགས་འབྱིན་པར་འགྱུར། ཤི་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར། སྒྲིབ་པ་ཐམས་ཅད་དང་བྲལ་ནས་ཚེ་རབས་བརྒྱ་སྟོང་ཕྲག་ལྔ་བཅུ་རྗེས་སུ་དྲན་པར་འགྱུར་རོ། །​བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་སྐྱེ་བ་འདི་ཐ་མ་ཡིན་ཏེ། འདི་མཐོང་བ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ན། །​ལྷག་པར་མང་དུ་བྱེད་པ་ལྟ་ཅི་སྨོས་ཏེ། དེ་ནི་ཕྱིར་མི་ལྡོག་པར་འགྱུར། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རྒྱལ་པོ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་བཅས་པའམ། བཙུན་མོ་དམ་པ་གང་ལ་ལ་ཞིག་གིས་རས་ཀྱི་སྐུ་གཟུགས་བསྒྲུབ་པར་བྱ་བ་དེའི་སྤྱན་སྔར། དོན་ཡོད་པའི་ཞགས་པའི་སྙིང་པོ་དྲན་པར་བྱེད་ཅིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཡང་མཆོད་པར་བྱེད་ན། དེས་ན་ཁྱོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6642#UT22084-092-001-6642