Degé Kangyur volume 92, F.99.b

ཐམས་ཅད་དང་། ཆུ་བྲན་ཐམས་ཅད་དང་། ལྷ་དང་། ཀླུ་གང་དག་ཆུ་ན་གནས་པ་ཐམས་ཅད་དང་། རྒྱ་མཚོ་ཆེན་པོའི་ལྷ་དང་། ལྷ་གང་དག་ལང་ཀའི་གྲོང་ཁྱེར་ན་གནས་པ་ཐམས་ཅད་དང་། རིག་སྔགས་འཆང་འཁོར་ལོས་སྒྱུར་བ་ཐམས་ཅད་དང་། གང་དག་གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང་། ནམ་མཁའི་ལྷ་ཐམས་ཅད་འཁྲུགས་པར་གྱུར་ནས་ནམ་མཁའ་ལས་བབས་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ལས་དང་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཡང་མཆོད་པའི་ཕྱིར། ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་པདྨ་དང་། ཀུ་མུ་ད་དང་། ཨུཏྤལ་དང་། པུཎ་ཌ་རཱི་ཀ་དང་། མན་དཱར་བ་དང་། མན་དཱ་ར་བ་ཆེན་པོའི་ཆར་དང་། ལྷའི་རྒྱན་དང་ལྷབ་ལྷུབ་ཀྱི་ཆར་པུས་མོ་ནུབ་ཙམ་རི་བོ་པོ་ཊ་ལར་ཕབ་སྟེ། ལྷའི་སིལ་སྙན་དང་། གླུ་དབྱངས་ལེན་ཅིང་ཧ་ཧ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་བཏོན་ནས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིག་སྔགས་འཆང་ཆེན་པོ་འདི་བཤད་དོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། །​དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེར་སོང་སྟེ། ལན་གསུམ་བསྐོར་བ་བྱས་ནས་མཆོད་པའི་ཕྱིར་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་ཕུལ་ཏེ། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཆེན་པོའི་ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་མཆོག་བཤད་དོ། །​དོན་ཡོད་པའི་ཞགས་པའི་རྒྱལ་པོ་རིག་སྔགས་ཆེན་པོའི་སྙིང་པོ་འཇིག་རྟེན་མགོན་པོ་ཐུབ་པ་ཆེན་པོས་བཤད་དུ་གསོལ། བཅོམ་ལྡན་འདས་ཆོ་ག་ཞིབ་མོ་མཐའ་དག་དོན་ཡོད་པའི་རྒྱལ་པོ་གྲུབ་པའི་མཆོག་ལས་ཐམས་ཅད་གྲུབ་པ་བཤད་དུ་གསོལ། དེ་ནས་དེའི་དོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོ་གྲུབ་པ་དོན་ཡོད་པ། རིག་སྔགས་ཀྱི་རྒྱལ་པོ་རས་ཀྱི་སྐུ་གཟུགས་བསྒྲུབ་པའི་མཆོག །​ཆོ་ག་དང་ཡོ་བྱད་དུ་བཅས་པ་བཤད་པ། རས་གྲུ་བཞི་པ་ཀུན་ནས་ཆ་ལེགས་པར་ཕྱེ་བ། ཁ་ཚར་མ་བཅད་པ་སྐྲ་མེད་པ། རི་མོ་མཁན་གཙང་མ་ཁྲུས་བྱས་པས་གོས་གཙང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6640#UT22084-092-001-6640