Degé Kangyur volume 92, F.92.a

ལེ་དང་ཤིང་ཨརྐའི་མེ་ཏོག་མར་དང་བསྲེས་པ་ལས་སྦྱིན་སྲེག་བྱས་ན། ཁྱིམ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །​འབྱུང་པོའི་གདོན་ཐམས་ཅད་ལས་བསྲུང་བ་བྱས་པར་འགྱུར་རོ། །​ཡང་ལས་ཐམས་ཅད་ལ་ནོར་བུ་སྒྲུབ་པའི་རྫས་འདི་དག་བསོགས་ལ་ཆ་མཉམ་པར་བྱས་ཏེ། གཙང་མས་གོས་གཙང་མ་བགོས་ལ། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པས་ལས་ཐམས་ཅད་བྱའོ། །​ཛ་ཡ་དང་། བི་ཛ་ཡཱ་དང་། མཱ་གུ་ལི་དང་། གན་དྷ་ནཱ་དང་། བཱ་རུ་ཎཱི་དང་། ཏཱ་ན་ཏྲ་བ་རུ་ཎཱི་དང་། གན་དྷ་བྲི་ཡང་ཀུ་དང་། ཏ་ག་ར་དང་། ཙ་ཀྲ་དང་། མ་ཧཱ་ཙ་ཀྲ་དང་། སོ་མ་རཱ་ཛཱི་དང་། སུ་མན་ད་རྣམས་ཕྱེ་མ་ཞིབ་མོར་བྱས་ཏེ། ཆར་པའི་ཆུས་སྦྲུས་ལ། ཙནྡན་དང་། གུར་གུམ་སྦྱར་བའི་ཆུས་བརླན་ཏེ་བརྒྱ་རྩ་བརྒྱད་བཟླས་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྱན་སྔར་ནོར་བུར་བྱས་ཏེ། ཡང་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ཨ་ག་རུའི་བདུག་པས་བདུགས་ལ། དེ་ཉིད་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་བཞག་སྟེ། རས་ཀྱིས་གཡོགས་ལ་གྲིབ་མར་བསྐམས་ཏེ། བླངས་ལ་ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བདུན་བཟླས་པར་བྱ་ཞིང་། ཁྲོ་བོའི་རྒྱལ་པོ་ལན་གསུམ་བཟླས་བརྗོད་བྱས་ཏེ། མགོ་བོར་བཟུང་ན། རྒྱལ་པོ་བཙུན་མོ་འཁོར་དང་བཅས་པས་མཆོད་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ། །​རིགས་བཞིའི་འཇིག་རྟེན་ཐམས་ཅད་དབང་དུ་འགྱུར་རོ། །​བླ་མ་གཅིག་པུར་འགྱུར་རོ། །​ལྷ་ཐམས་ཅད་ཀྱང་གཟི་བྱིན་འཇུག་པར་འགྱུར་རོ། །​འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་རྟག་ཏུ་གཟིགས་པར་འགྱུར་རོ། །​ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ཡང་རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར་ཞིང་། དུས་ཐམས་ཅད་དུ་མཆོག་སྦྱིན་པར་འགྱུར་རོ། །​ཕྱིར་རྒོལ་བ་དང་མི་མཛའ་བ་ཐམས་ཅད་ཀྱང་རྟག་ཏུ་མཐུན་པར་བྱེད་ཅིང་དབང་དུ་འགྱུར་རོ། །​བྱད་མི་བཟད་པ་དང་། དུག་སྦྱར་མ་དང་། ཕྱེ་མའི་དུག་དང་། གསང་སྔགས་དང་། གཡེངས་བྱེད་ཀྱིས་མི་ཚུགས་ཤིང་། ཐམས་ཅད་འཇིགས་པར་འགྱུར་རོ། །​རྟག་ཏུ་དཔལ་དང་། གཟི་བྱིན་དང་། བསོད་ནམས་དང་། བཀྲ་ཤིས་དང་། དགེ་བའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6625#UT22084-092-001-6625