Degé Kangyur volume 92, F.54.a

བསམས་པའི་དོན་དེ་ལྟ་དེ་ལྟ་བུར་ཐམས་ཅད་སྒྲུབ་པར་བྱེད་པར་འགྱུར་རོ། །​སྦྲུལ་གྱི་ཞགས་པ་སྒྲུབ་པའི་ཆོ་གའོ།​། །​།དེ་ནས་འབྱུང་པོའི་དབང་ཕྱུག་གི་ཞགས་པ་བསྒྲུབ་པར་འཚལ་ན། འབྲིའི་རྩིད་པ་དང་། རྩིད་པ་ཆེན་པོ་ལྷན་ཅིག་ཏུ་བཀལ་བ་དང་། ལྕགས་ལས་མདུང་རྩེ་གསུམ་པ་སོར་བཞིའི་ཚད་ཙམ་དུ་བགྱིས་ལ། དེ་ནས་དོན་ཡོད་རྒྱལ་པོའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ཁྲོ་བོའི་རྒྱལ་པོ་ལན་སྟོང་རྩ་བརྒྱད་བཟླས་ཏེ། ཉིན་ཞག་གཅིག་མཆིས་ལ་ལེགས་པར་ཁྲུས་བགྱིས་ཏེ། གཙང་མས་གོས་གཙང་མ་བགོ་བར་བགྱིའོ། །​ཟླ་བ་མར་གྱི་ངོའི་ཚེས་བཅུ་བཞིའི་ཉིན་ཞག་གཅིག་གིས་བསྒྲུབ་པར་བགྱིའོ། །​དེ་ནས་མདུང་རྩེ་གསུམ་པའི་ཞགས་པ་བླངས་ནས་འབྱུང་པོའི་དབང་ཕྱུག་གི་གཟུགས་འདྲ་བར་འགྱུར་རོ། །​འབྱུང་པོ་ཐམས་ཅད་ཀྱི་བདག་པོ་ལོ་བརྒྱ་སྟོང་དུ་འཚོ་བར་འགྱུར་རོ། །​འབྱུང་པོའི་གནས་ཀྱི་གཞལ་མེད་ཁང་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །​ཞགས་པ་ལག་པར་ཐོགས་ནས། དུར་ཁྲོད་དུ་ཞུགས་ན། དུར་ཁྲོད་ན་གནས་པ་ཐམས་ཅད་མདུན་དུ་མཆིས་ཏེ། གནས་ཀྱི་སྒོ་ཐམས་ཅད་འབྱེ་བར་འགྱུར་ཞིང་ཁྱོད་ཅི་དགར་ཞུགས་ཤིག་ཅེས་ཅི་འཚལ་བདེ་བགྱིད་པར་འགྱུར་རོ། །​རོའི་མགུལ་དུ་བཏགས་ནས་ཁྲོ་བོའི་རྒྱལ་པོ་བཟླས་ན་དེ་ནས་རོ་ལངས་ནས་ཅི་དྲིས་པ་དེ་སྨྲ་བར་འགྱུར་ཞིང་། ཅི་བསྒོ་བ་དེ་བགྱིད་པར་འགྱུར་རོ། །​བཀྲོལ་ན་འཆི་བར་འགྱུར་རོ། །​གནོད་སྦྱིན་གྱི་མགུལ་དུ་བཏགས་ནས་ཁྲོ་བོའི་རྒྱལ་པོ་བཟླས་ལ་ཁྲོས་པས་དྲངས་ནས། གནོད་སྦྱིན་དེ་ཡང་མདུན་དུ་མཆིས་ནས། རིགས་སྔགས་འཆང་ལ་རྗེ་བཙུན་བཀའ་སྩོལ་ཅིག་དང་། ཐམས་ཅད་བགྱིའོ་ཞེས་སྨྲ་བར་འགྱུར་རོ། །​རིག་སྔགས་འཆང་གིས་ཁྱོད་ཇི་སྲིད་འཚོའི་བར་དུ་ཁྲོ་བོའི་རྒྱལ་པོ་མངག་གཞུག་པའི་ལས་གྱིས་ཤིག་ཅེས་སྨྲ་བར་བགྱི་སྟེ། བཀའ་བཞིན་འཚལ་ཞེས་དེ་ནས་ཉིན་གཅིག་བཞིན་བསྒོ་བ་བགྱིས་ན། ལས་ཐམས་ཅད་བགྱིད་པར་འགྱུར་རོ། །​གནོད་སྦྱིན་མོའི་མགུལ་དུ་བཏགས་ཏེ། ཁྲོ་བོའི་རྒྱལ་པོ་བཟླས་ན། གནོད་སྦྱིན་མོ་མཆིས་ནས། རིག་སྔགས་འཆང་གི་མདུན་དུ་མཆིས་ཏེ། རིག་སྔགས་འཆང་ལ་མིག་མི་འཛུམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686.html?part=UT22084-092-001-6550#UT22084-092-001-6550