།ཅི་ཕྱིར་ཟུག་རྔུས་ཟུག་བཞིན་ལུས་དམན་སེམས་ཤིང་འདུག །དེ་དག་རབ་དགའ་ཚུལ་མཁས་དབྱངས་ཀྱི་ཡན་ལག་སྙན། །གླུ་དབྱངས་ཕེག་རྡོབ་དུས་ཀྱི་རྣམ་པར་ངེས་པ་ཤེས། །ཁྱོད་དགའ་དུས་ལ་དེང་བབ་མྱ་ངན་མ་བྱེད་ཅིག །པད་མ་རྙིས་པ་ལྟ་བུར་ཅི་ཕྱིར་དེང་ལུས་དམན། །མེ་ཏོག་འབྲས་བུ་ཡལ་ག་འདབ་རྒྱས་སྐྱེད་མོས་ཚལ། །སྣ་ཚོགས་སྟེང་བཞག་ལྷ་ཡི་སྣ་ཚོགས་ཤིང་རྟ་འདྲ། །སོམས་ཤིག་ཁྱོད་ཀྱི་ན་ཚོད་འདི་ནི་ཐོག་མ་ཡིན། །དགའ་བའི་དུས་ལ་བབ་ཀྱིས་དེང་འདིར་བུ་དགའ་གྱིས། །ཁྱོད་ཀྱི་ཁྲུས་ཆེད་རྫིང་འདི་ལྷ་རྣམས་ཀྱི་ཡང་འདྲ། །ཨུད་པ་ལ་དང་པད་མ་དག་གི་ཚལ་གྱིས་གང་། །པད་མ་རྣམས་ཀྱང་བུང་བ་རྒྱགས་པ་མཆོག་གིས་བརྒྱན། །དེ་ལ་བུ་སོམས་སུ་ཞིག་འདི་ལ་དགའ་མི་བྱེད། །དང་པ་རྨ་བྱ་ནེ་ཙོ་ཁུ་བྱུག་རི་སྐེགས་དང་། །ཀ་ལ་པིང་ཀ་ཤང་ཤང་ཏེའུ་དང་ཀུ་ན་ལ། །ཡིད་འོང་སྒྲ་ལྡན་གངས་ཉེ་སྤོས་ངད་ལྡང་འདྲ་བ། །ཐོས་ནས་མི་གང་འདི་ལ་དགའ་བ་འཐོབ་མི་འགྱུར། །གཞལ་མེད་ཁང་དག་མུ་ཏིག་དྲར་བཅས་ནོར་བུ་གཙུག །གསེར་དང་བཻ་དཱུརྱས་སྤྲས་རྣམ་རྒྱལ་ཁང་པ་འདྲ། །རིན་ཆེན་ཁྲི་མཆོག་དམ་པ་རྣམས་ཀྱང་རབ་བཏིང་བ། །གསེར་དྲིལ་གཡེར་ཀ་ཏ་ལའི་ཕྲེང་བ་སྒྲ་སྙན་པ། །ཟབ་ཅིང་བརྟན་པ་མཆོག་གི་སིལ་སྙན་སྒྲ་སྒྲོགས་པ། །ཁྱོད་ཀྱི་ཆེད་དུ་སྲང་རྣམས་སུ་ཡང་སྦྱིན་རྒྱ་ཆེ། །བུ་མོ་སྟོང་དག་གླུ་མཆོག་སྙན་པའི་སྒྲ་འབྱིན་པ། །དགའ་ཚལ་ལྷ་ཡི་བུ་མོ་རྣམས་ཀྱི་འདྲ་བ་སྒྲོག །མཐོ་རིས་འདྲ་བའི་གནས་ཡིད་འོང་ལ་ཅི་ཡི་ཕྱིར། །རྣམ་པར་གཡེང་བའི་སེམས་ཀྱིས་བུ་ཁྱོད་དགའ་མི་བྱེད། །གཞོན་ནུ་ཁྱོད་ཀྱི་རྩེད་གྲོགས་ལྷ་ཡི་བུ་འདྲ་བ། །བུ་ཕོ་དེ་དག་རྣམས་དང་ལྷན་ཅིག་རྩེད་མོ་གྱིས། །ཁྱོད་ཀྱི་ཕ་དང་མ་ཡང་མཆི་མས་བརྣངས་ཤིང་འདུག །སྐྱེ་བོ་འདི་ལ་སྡུག་བསྔལ་སྙིང་རྗེ་མེད་དམ་ཅི། །འདུས་བྱས་ཡིད་བྱུང་འདོད་པའི་ལོངས་སྤྱོད་དོན་མི་གཉེར། །ཡོན་ཏན་བསགས་པ་སྲིད་པའི་སྐྱོན་མཐོང་དེས་སྨྲས་པ། །འཁོར་བའི་དྲ་བར་ཆུད་པའི་འགྲོ་བ་འདི་བལྟས་ནས། །ཐར་པ་དོན་གཉེར་པ་ལ་སྨྲས་པ་ཡབ་གསོན་ཅིག །ལྷ་ཅིག་སུས་ཀྱང་བདག་ལ་མི་དགའ་བགྱིས་མ་མཆིས། །