རྒྱ་མཚོར་འགྲོ་བའི་ཆུ་བོའི་ངོགས་ཀྱི་ས་དང་གྲོག་མཁར་གྱི་ས་དང་ལྡན་པའི་ཀླུའི་གཟུགས་བརྙན་བྱས་ལ་པདྨ་འདབ་མ་བརྒྱད་ལ་གཞག་པར་བྱའོ། །རང་གི་འཁོར་གྱིས་ཡོངས་སུ་བསྐོར་ཅིང་ཕན་ཚུན་ལོགས་གཉིས་ན་ཀླུ་གནས་པ་ཐལ་མོ་སྦྱར་བས་འདུག་པའོ། །ཀླུའི་སྙིང་གར་ཧཱུྃ་ངོ་། །མགྲིན་པར་ཕུའོ། །མཇུག་མ་ལ་འཇམ་གྱིས་དཀྲིས་པའོ། །སྦྲུལ་མགོའི་གདེངས་ཀའི་ནོར་བུའི་འོད་ཐམས་ཅད་འབར་བའི་མེ་ལྟ་བུ་ཀླུ་བརྒྱད་པོ་ཞེས་བྱའོ། །དྲི་ཞིམ་པོ་དང་། ཙནྡན་གྱིས་ཡན་ལག་བྱུགས་ཤིང་མེ་ཏོག་ཕྲེང་བས་བརྒྱན་ཏེ་དྲ་བ་དང་དྲ་བ་ཕྱེད་པ་དཔྱངས་པ། ཀུ་མུད་དང་། ཨུཏྤ་ལ་དང་། པདྨ་དཀར་པོ་དང་། མ་ལོ་ཀའི་མེ་ཏོག་གིས་རྣམ་པར་བཀྲམ་ལ་ཆུས་ཡོངས་སུ་བཀང་བའི་བུམ་པ་བརྒྱད་ཀྱང་གཞག་པར་བྱའོ། །མར་མེ་བརྒྱད་རྟག་ཏུ་སྤར་བར་བྱའོ། །སའི་ཁམ་སྐྱོང་བ་བརྒྱད་འོ་མས་ཡོངས་སུ་བཀང་ལ་གཞག་པར་བྱའོ། །རོ་ཐམས་ཅད་ཀྱི་གཏོར་མ་ཞོ་དང་། སྦྲང་རྩི་དང་། མར་དང་། ཤ་ཁ་ར་དང་། འབྲས་ཀྱི་ཟན་དང་ཡང་དག་པར་ལྡན་པར་སྦྱིན་པར་བྱའོ། །སྤོས་དང་ཡུངས་ཀར་ཡོངས་སུ་དག་པར་བྱའོ། །ཨོཾ་བ་ནཱ་མ་སི་ཞེས་བྱ་བ་དང་། ཨོཾ་ནཱ་མ་སྭཱ་ཧཱ། ཞེས་བྱ་བ་སྟེ། དགའ་བོ་ཤར་ཕྱོགས་སུའོ། །ཨོཾ་ཁ་ལ་སྭཱ་ཧཱ། ཞེས་བྱ་བས་ནོར་རྒྱས་ལྷོ་ཕྱོགས་སུའོ། །ཨོཾ་སུ་སྭཱ་ཧཱ། ཞེས་བྱ་བས་ཀཏྐོ་ཊ་བྱང་ཕྱོགས་སུའོ། །ཨོཾ་བ་མ་སྭཱ་ཧཱ་ཞེས་བྱ་བས་ནི་དུང་སྐྱོང་མེའི་ཕྱོགས་སུའོ། །ཨོཾ་ཕཊ་སྭཱ་ཧཱ་ཞེས་བྱ་བས་ནི་པདྨ་སྲིན་པོའི་ཕྱོགས་སུའོ། །ཨོཾ་དྷ་ཀ་དྷ་ཀ་པི་སི་སྭཱ་ཧཱ་ཞེས་བྱ་བས་ནི་པདྨ་ཆེན་པོ་རླུང་གི་ཕྱོགས་སུའོ། །ཨོཾ་བ་སྭཱ་ཧཱ། ཞེས་བྱ་བས་ནི་རིགས་ལྡན་དབང་ལྡན་དུའོ། །ཐལ་མོ་གཉིས་བཀན་ཏེ་མཐེའུ་ཆུང་གཉིས་རྩེ་མོ་ཁབ་ལྟ་བུར་བྱས་ལ་སྲིན་ལག་གཉིས་དེའི་རྒྱབ་ནས་གཤིབས་ཏེ་སྲིན་ལག་གཉིས་ཀྱི་ཚིགས་གསུམ་པར་གུང་མོ་གཉིས་ཀྱི་རྩེ་མོ་གཤིབས་ལ་སྡིགས་མཛུབ་གཉིས་དང་མཐེབ་ཆེན་གཉིས་སོ་སོར་རྩེ་མོ་བཀུག་སྟེ་གདེངས་ཀ་ལྟར་བྱའོ། །ཀླུའི་དབང་པོ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་སྦྱར་བ་བྱས་ལ་མཐེ་བོང་གཉིས་ཀྱི་སྟེང་དུ་གུང་མོ་གཉིས་དང་སྲིན་ལག་གཉིས་ཀྱི་ཚིགས་གསུམ་བསྐུམ་པར་བྱས་པ་ནི་གཤིན་རྗེ་མཐར་བྱེད་ཀྱི་ཕྱག་རྒྱའོ།