དེ་ལྟར་སྒྲུབ་པ་པོས་བརྗོད་པར་བྱའོ། །དེ་ནས་སྔོན་དུ་གསུངས་པའི་བུམ་པ་ཙནྡན་དཀར་པོས་བྱུགས་ལ་མེ་ཏོག་ཕྲེང་བ་འཛིན་པ་ལ་རིག་པ་འཛིན་པས་བརྒྱ་ཕྲག་བརྒྱད་བཟླས་ཏེ། ཨརྒྷ་བྱིན་ལ་བུམ་པ་དེ་གཞག་པར་བྱའོ། །བཅོམ་ལྡན་འདས་མ་བདག་ཉིད་ལ་དབང་བསྐུར་ཞིང་དེ་ལྟར་བརྗོད་པས་དེང་ནས་ཁྱེད་ཀྱི་སྔགས་བདག་ལ་གྲུབ་པར་མཛད་དུ་གསོལ། དེ་ནས་འོད་ཟེར་ཅན་བདག་ལ་བསྙེན་པས་བཟླས་པ་དང་བསྒོམ་པ་བྱ་ཞིང་ཡི་གེ་གྲངས་ཀྱི་འབུམ་བཟླའོ། །དེ་ནས་དངོས་གྲུབ་ཀྱི་མཚན་ཉིད་སྐྱེས་ཏེ་སྐུ་གཡོ་བ་འམ། འདར་བ་འམ། མེ་མར་གྱི་རྩེ་མོ་ཕྲེང་བ་དང་དྲི་ཞིམ་པོའི་དྲི་བྲོ་བ་དང་། དྲོ་བ་དང་། དུད་པ་དང་། འབར་བ་བཞིན་མཐོང་ངོ་། །གལ་ཏེ་མ་མཐོང་ན་དེའི་ཚེ་ཉིས་འགྱུར་གྱི་བཟླས་པ་བྱའོ། །ཡང་ན་བྱེ་བ་གཅིག་བཟླས་པ་བྱས་ན་འགྲུབ་སྟེ། དེ་ནས་བཅོམ་ལྡན་འདས་མ་འོད་ཟེར་ཅན་དངོས་ཀྱི་གཟུགས་མཐོང་ཞིང་འགྲུབ་པར་འགྱུར་རོ། །མཆོག་སྟེར་ཞིང་ཡིད་ལ་འདོད་པ་གྲུབ་པའོ། །རལ་གྲི་དང་། མིག་སྨན་དང་། མཆིལ་ལྷམ་དང་། གིའུ་ཝང་དང་། མི་སྣང་བ་དང་། རིལ་བུ་དང་། བཅུད་ཀྱིས་ལེན་ཉིད་ཀྱང་བྱའོ། །དངོས་གྲུབ་ཡིད་དུ་འོང་བའི་རལ་གྲི་བཟུང་བ་ཙམ་གྱིས་རིག་པ་འཛིན་པ་རྣམས་ཀྱི་བདག་པོར་འགྱུར་ཏེ། །རིག་པ་འཛིན་མ་རྣམས་དང་ལྷན་ཅིག་ཏུ་རོལ། རལ་གྲིའི་དངོས་གྲུབ་བརྗོད་པའོ། །མིག་སྨན་མིག་ལ་བསྐུས་པ་ཙམ་གྱིས་བལྟས་ན་ལྷ་དང་ལྷ་མ་ཡིན་དང་མི་དང་བཅས་པ་དབང་དུ་འགྱུར་རོ། །མིག་སྨན་གྱི་དངོས་གྲུབ་བརྗོད་པའོ། །མཆིལ་ལྷམ་གོན་ན། དཔག་ཚད་སྟོང་དུ་འགྲོ་བ་དང་འོང་བར་བྱེད་དོ། །མཆིལ་ལྷམ་གྱི་དངོས་གྲུབ་བརྗོད་པའོ། །གིའུ་ཝང་གིས་དཔྲལ་བར་ཐིག་ལེ་བྱས་ན། སྣ་ཚོགས་ཀྱི་གཟུགས་འཛིན་པར་འགྱུར་ཞིང་མཐོང་བ་ཙམ་གྱིས་དབང་དུ་འགྱུར་རོ། །གིའུ་ཝང་གི་དངོས་གྲུབ་བརྗོད་པའོ། །རིལ་བུ་ཁར་བཅུག་ན་ས་གཞི་ཆེན་པོ་ལ་སྤྱོད་ཅིང་གནོད་སྦྱིན་དང་འདྲ་བར་འདོད་པའི་གཟུགས་འཛིན་པའོ། །རིལ་བུའི་དངོས་གྲུབ་བོ། །དངུལ་ཆུ་ཡང་དག་པར་རྙེད་པར་བྱས་ན་ཁམས་ཐམས་ཅད་གསེར་དུ་འགྱུར་ཞིང་རྡོ་རྗེའི་ལུས་པོར་ཡང་འགྱུར་རོ།