Degé Kangyur volume 89, F.66.b

པའི་ས་ཞེས་བྱའོ། །​ཤེས་རབ་ཀྱི་མེས་ཉོན་མོངས་པ་རྣམས་བསྲེགས་ནས་འོད་ཀྱི་སྣང་བ་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་སྒོམ་པར་བྱེད་པས་དེའི་ཕྱིར་ས་བཞི་པ་ནི་འོད་འཕྲོ་བའི་ས་ཞེས་བྱའོ། །​ཐབས་མཁས་པས་བསྒོམས་པའི་ཡེ་ཤེས་མཆོག་རང་དབང་དུ་གྱུར་པ་ཤིན་ཏུ་འཐོབ་པར་དཀའ་བའི་ཕྱིར་དང་། མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་གདུལ་བར་དཀའ་བ་ཐུལ་བར་གྱུར་པའི་ཕྱིར་ས་ལྔ་པ་ནི་ཤིན་ཏུ་རྒྱལ་བར་དཀའ་བ་ཞེས་བྱའོ། །​སྤྱོད་པའི་ཆོས་རྒྱུན་ཆད་པ་མེད་པར་གསལ་བར་མངོན་སུམ་དུ་གྱུར་པ་དང་། མཚན་མ་མེད་པའི་ཡིད་ལ་བྱེད་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་དེའི་ཕྱིར་ས་དྲུག་པ་ནི་མངོན་སུམ་དུ་གྱུར་པ་ཞེས་བྱའོ། །​ཟག་པ་མེད་པ་ལ་བར་ཆད་མེད་པ་དང་། མཚན་མ་མེད་པ་ཡིད་ལ་བྱེད་པ་དང་། རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ཡུན་རིང་པོ་ནས་བསྒོམས་པའི་ཕྱིར་དང་། ས་དེ་རྣམ་པར་དག་ཅིང་ཐོགས་པ་མེད་པར་གྱུར་པའི་ཕྱིར་ས་བདུན་པ་ནི་རིང་དུ་སོང་བ་ཞེས་བྱའོ། །​མཚན་མ་མེད་པའི་ཡིད་ལ་བྱེད་པ་བསྒོམས་པས་རང་དབང་དུ་གྱུར་ནས་ཉོན་མོངས་པ་རྣམས་ཀྱིས་བསྒུལ་བར་མི་ནུས་པས་དེའི་ཕྱིར་ས་བརྒྱད་པ་ནི་མི་གཡོ་བ་ཞེས་བྱའོ། །ཐ་དད་པར་གྱུར་པའི་ཆོས་རྣམ་པ་སྣ་ཚོགས་ཐམས་ཅད་བསྟན་པ་ལ་རང་དབང་ཐོབ་ནས་ཉེས་པ་མེད་ཅིང་འབྲེལ་པ་མེད་པར་ཤེས་རབ་འཕེལ་བར་བྱེད་པ་དང་། དབང་དུ་གྱུར་ཅིང་ཐོགས་པ་མེད་པར་གྱུར་པར་དེའི་ཕྱིར་ས་དགུ་པ་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །​ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་དང་། ཤེས་རབ་སྤྲིན་ཆེན་པོ་ལྟ་བུར་གྱུར་ནས་ཐམས་ཅད་ཀུན་ཏུ་ཁྱབ་པར་གཡོགས་པར་བྱེད་པའི་ཕྱིར་དེ་ལྟ་བས་ན་ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ། །​རིགས་ཀྱི་བུ་བདག་དང་ཆོས་ལ་མཚན་མ་ཡོད་པར་མངོན་པར་ཞེན་པའི་མ་རིག་པ་དང་། འཁོར་བའི་ངན་འགྲོ་ལ་སྐྲག་ཅིང་འཇིགས་པའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་དང་པོ་ལ་སྒྲིབ་པར་བྱེད་དོ། །​བསླབ་པའི་གནས་ཤིན་ཏུ་ཕྲ་མོ་དག་ལ་ཤེས་བཞིན་མེད་པས་ཉམས་པར་བྱས་པའི་མ་རིག་པ་དང་། ལས་ཀྱི་འདུ་བྱེད་རྣམ་པ་སྣ་ཚོགས་སློང་བར་བྱེད་པའི་མ་རིག་པ་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh555.html?part=UT22084-089-012-3348#UT22084-089-012-3348