།ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བར་ཤོག །གལ་ཏེ་འདས་པ་དང་ནི་ད་ལྟར་ཚེ། །སྲིད་གསུམ་འཁོར་ནས་ལས་རྣམས་བགྱིས་པས་ན། །ཡིད་དུ་མི་མཆི་ངན་འགྲོ་ཐོབ་གྱུར་པ། །ཐམས་ཅད་མ་ལུས་གཏན་དུ་བྱང་བར་ཤོག །སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོར་ནི། །འཁོར་བའི་ཞགས་པས་དམ་དུ་བཅིངས་པ་ནི། །ཤེས་རབ་རལ་གྲི་དག་གིས་བཅད་བསལ་ཏེ། །སྡུག་བསྔལ་སྤངས་ནས་བྱང་ཆུབ་མྱུར་ཐོབ་ཤོག །སེམས་ཅན་གང་གིས་འཛམ་གླིང་འདི་དག་དང་། །ཡང་ན་འཇིག་རྟེན་གཞན་དག་ཏུ་ཡང་རུང་། །བསོད་ནམས་རྒྱུན་མཆོག་སྣ་ཚོགས་ཅི་བསྒྲུབས་པ། །དེ་དག་ཐམས་ཅད་ཀུན་ལ་ཡི་རང་ངོ་། །བསོད་ནམས་དངོས་པོ་དག་ལ་ཡི་རང་དང་། །ལུས་དང་ངག་ཡིད་དགེ་བ་མང་བགྱིས་དེས། །ལས་མཆོག་དམ་པ་འདི་དག་རྟག་འཕེལ་ནས། །བླ་མེད་བྱང་ཆུབ་ཆེན་པོ་མྱུར་ཐོབ་སྨོན། །ཕྱག་བགྱིས་སངས་རྒྱས་ཡོན་ཏན་བསྔགས་པ་དང་། །བསམ་པ་དང་ཞིང་རྙོག་པ་མ་མཆིས་པས། །བསྔོ་ཞིང་སྨོན་ལམ་བཏབ་པའི་བསོད་ནམས་དེས། །བསྐལ་པ་དྲུག་ཅུའི་ངན་འགྲོ་འདས་པར་སྨོན། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དང་། །བྲམ་ཟེ་ལ་སོགས་རིགས་མཆོག་དམ་པ་རྣམས། །ཐལ་སྦྱར་རྩེ་གཅིག་སངས་རྒྱས་བསྔགས་བརྗོད་ན། །སྐྱེ་བ་རྟག་པར་ཀུན་དུ་ཚེ་རབས་དྲན། །དབང་པོ་ཚང་ཞིང་ལུས་ནི་ཡོངས་རྫོགས་ཏེ། །ཡོན་ཏན་དམ་པ་ཐམས་ཅད་ཕུན་ཚོགས་འགྱུར། །མ་འོངས་པ་ཡི་སྐྱེ་བ་ཐམས་ཅད་དུ། །རྟག་པར་ལྷ་མི་རྣམས་ཀྱིས་བལྟ་བར་ཤོག །སངས་རྒྱས་གཅིག་དང་སངས་རྒྱས་བཅུ་དག་ལས། །དགེ་བའི་རྩ་བ་བསྒྲུབས་ནས་ཐོབ་པ་མིན། །སངས་རྒྱས་བརྒྱ་སྟོང་དགེ་རྩ་བསྐྱེད་པས་ན། །འགྱོད་ཚངས་ཆོས་འདི་ཐོས་པར་གྱུར་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསོལ་པ་གསན་པ་དང་། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་རྨི་ལམ་དུ་གསེར་གྱི་རྔ་བོ་ཆེ་ལས་བྱུང་བའི་སྒྲས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་བརྗོད་པ་དང་། འགྱོད་ཚངས་བྱ་བའི་ཆོས་བསྟན་པ་མཐོང་བ་གང་ཡིན་པ་དེ་གང་ལ་ལ་ཞིག་གིས་ཐོས་པར་གྱུར་ན་བསོད་ནམས་ཤིན་ཏུ་མང་པོ་འཐོབ་པར་འགྱུར་ཞིང་སེམས་ཅན་ལ་རྒྱ་ཆེར་ཕན་འདོགས་པ་དང་།