།བདག་གིས་ལུས་དང་ངག་ཡིད་ཀྱིས། བསོད་ནམས་ཡེ་ཤེས་ལས་བསྒྲུབས་པའི། །དགེ་བའི་རྩ་བ་འདི་ཡི་མཐུས། །བླ་མེད་ཡེ་ཤེས་མྱུར་གྲུབ་ཤོག །དེང་བདག་སྟོབས་བཅུའི་སྤྱན་སྔར་མངོན་སུམ་དུ། །སྡུག་བསྔལ་བགེགས་མང་སྣ་ཚོགས་མཐོལ་ཞིང་བཤགས། །བྱིས་པ་སྲིད་གསུམ་རྨོངས་པའི་བགེགས་དག་དང་། །རྟག་པར་ལས་ངན་ལྕི་བར་བགྱིས་པའི་བགེགས། །བདག་གིས་ལོག་པའི་འདོད་པས་བསགས་པའི་བགེགས། །རྟག་ཏུ་སྲིད་བསྐྱེད་འཁོར་བར་འགྱུར་བའི་བགེགས། །འཇིག་རྟེན་འདི་ལ་མངོན་ཞེན་ཆགས་པའི་བགེགས། །བྱིས་པ་ཐམས་ཅད་ཀུན་གྱི་ཉོན་མོངས་བགེགས། །སེམས་མྱོས་རྣམ་གཡེང་ཕྱིན་ཅི་ལོག་པའི་བགེགས། །མི་དགེ་གྲོགས་པོ་དག་ལ་བརྟེན་པའི་བགེགས། །འཁོར་བ་དག་ལ་འདོད་ཆགས་ཞེན་པའི་བགེགས། །ཞེ་སྡང་གཏི་མུག་གླེན་པས་སྡིག་བགྱིས་བགེགས། །མི་ཁོམ་བརྒྱད་སྐྱེ་མི་དགེ་གྲོགས་པོའི་བགེགས། །བསོད་ནམས་ཡོན་ཏན་མ་བསགས་པ་ཡི་བགེགས། །དེང་བདག་རྒྱལ་བ་ཀུན་གྱི་སྤྱན་སྔར་ནི། །སྡིག་པའི་ལས་ངན་མཐའ་ཡས་བགྱིས་པ་བཤགས། །དེང་བདག་བདེ་གཤེགས་ཀུན་ལ་སྐྱབས་སུ་མཆི། །བླ་མེད་ཡོན་ཏན་མཚོ་ལ་བདག་ཕྱག་འཚལ། །གསེར་གྱི་རི་ལྟར་ཕྱོགས་བཅུ་གསལ་མཛད་པ། །བྱམས་དང་ཐུགས་རྗེས་བདག་ནི་གཟུང་དུ་གསོལ། །སྐུ་ནི་གསེར་མདོག་རྣམ་དག་དྲི་མི་མངའ། །སྤྱན་ནི་རྣམ་དག་བཻ་ཌཱུརྱ་དང་འདྲ། །དཔལ་དང་གཟི་བརྗིད་གྲགས་དང་ལྡན་པའི་གཙོ། །ཐུགས་རྗེ་ཤེས་རབ་ཉི་མས་མུན་སེལ་བ། །སངས་རྒྱས་ཉི་མའི་འོད་ཀྱིས་ཀུན་གསལ་མཛད། །ཤིན་ཏུ་རྣམ་དག་དྲི་མེད་རྡུལ་དང་བྲལ། །ཐུབ་པའི་ཟླ་བས་གསལ་མཛད་རབ་བསིལ་བ། །སེམས་ཅན་ཉོན་མོངས་གདུང་བ་སེལ་བར་མཛད། །སུམ་ཅུ་རྩ་གཉིས་མཚན་གྱིས་རབ་བརྒྱན་ཅིང་། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས། །ཡོན་ཏན་བསམ་དཀའ་མཚུངས་པ་མ་མཆིས་པས། །ཉི་འོད་ལྟ་བུར་འཇིག་རྟེན་གསལ་བར་མཛད། །ཁ་དོག་བཻ་ཌཱུརྱ་འདྲ་དྲི་མེད་མངའ། །ཟླ་བ་ཉ་ལྟར་ནམ་མཁའ་དག་ལ་བཞུགས།