Degé Kangyur volume 89, F.36.b

བའི་སེམས་གང་ཡིན་པའོ། །​ཐུལ་བར་བྱེད་པའི་ལམ་རྣམས་ལ་བརྟེན་ནས་ནི་བྱ་བ་སློང་བའི་སེམས་ཟད་པར་འགྱུར་རོ། །​ཆོས་ཀྱིས་སྤོང་བའི་ལམ་ལ་བརྟེན་ནས་ནི་རྩ་བ་ལ་བརྟེན་པའི་སེམས་ཟད་པར་འགྱུར་རོ། །​མཆོག་ཏུ་འགྱུར་བའི་ལམ་ལ་བརྟེན་ནས་ནི། རྩ་བའི་སེམས་ཟད་པར་འགྱུར་རོ། །​བྱ་བ་སློང་བའི་སེམས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ནི་སྤྲུལ་པའི་སྐུ་སྟོན་པར་འགྱུར་རོ། །​རྩ་བ་ལ་བརྟེན་པའི་སེམས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་འགྱུར་རོ། །​རྩ་བའི་སེམས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ནི་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུམ་དང་ལྡན་པར་གྱུར་པ་ཡིན་ནོ། །​རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ནི་སྐུ་དང་པོའི་དབང་གིས་སངས་རྒྱས་རྣམས་དང་མཛད་པ་མཚུངས་པ་དང་། སྐུ་གཉིས་པའི་དབང་གིས་སངས་རྒྱས་རྣམས་དང་དགོངས་པ་མཚུངས་པ་དང་། སྐུ་གསུམ་པའི་དབང་གིས་སངས་རྒྱས་རྣམས་དང་སྐུ་མཚུངས་པར་གྱུར་པ་ཡིན་ནོ། །​རིགས་ཀྱི་བུ་སངས་རྒྱས་རྣམས་ཀྱི་སྐུ་དང་པོ་གང་ཡིན་པ་དེ་ནི་སེམས་ཅན་གྱི་མོས་པའི་རྗེས་སུ་རྣམ་པ་མང་པོ་དང་ལྡན་པའི་ཕྱིར་མཚན་ཉིད་སྣ་ཚོགས་སྟོན་པར་མཛད་པས་དེའི་ཕྱིར་མང་པོར་བསྟན་པ་ཡིན་ནོ། །​སངས་རྒྱས་ཀྱི་སྐུ་གཉིས་པ་གང་ཡིན་པ་དེ་ནི་སློབ་མ་རྣམས་ཡིད་གཅིག་ཏུ་གྱུར་པའི་ཕྱིར་མཚན་ཉིད་གཅིག་ཁོ་ན་སྟོན་པར་མཛད་པས་དེའི་ཕྱིར་གཅིག་ཏུ་བསྟན་པ་ཡིན་ནོ། །​སངས་རྒྱས་ཀྱི་སྐུ་གསུམ་པ་གང་ཡིན་པ་དེ་ནི་མཚན་མ་གཉིས་ཀྱི་རྣམ་པ་ཐམས་ཅད་ཀུན་ཏུ་ཁྱབ་ཅིང་མཚན་ཉིད་དུ་འཛིན་པའི་སྤྱོད་ཡུལ་མ་ཡིན་པས་དེའི་ཕྱིར་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ཞེས་བསྟན་ཏོ། །​རིགས་ཀྱི་བུ་སྐུ་དང་པོ་གང་ཡིན་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་རབ་ཏུ་སྣང་བར་འགྱུར་རོ། །​སྐུ་གཉིས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ལ་བརྟེན་ནས་རབ་ཏུ་སྣང་བར་འགྱུར་རོ། །​ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་པས་བརྟེན་པའི་གནས་ཅི་ཡང་མི་མངའོ། །​རིགས་ཀྱི་བུ་འདི་ལྟར་ཆོས་གསུམ་པོ་དེ་དག་ནི་རྟག་པའི་དོན་དང་ལྡན་པའི་ཕྱིར་ནི་རྟག་པ་ཞེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh555.html?part=UT22084-089-012-3288#UT22084-089-012-3288