ཕྱོགས་བཅུའི་ཞིང་ན་བཞུགས་པའི་བྱམས་ཆེན་གཙོ། །བྱེ་བ་བརྒྱ་སྟོང་དེ་དག་ཡིད་ལ་བསམས། །སྡུག་བསྔལ་སེམས་ཅན་ཐམས་ཅད་ཇི་སྙེད་པ། །ཐམས་ཅད་བྱམས་སེམས་མཉམ་པ་ཉེར་གཞག་ནས། །གསོལ་འདེབས་བདག་པོ་རྒྱལ་པོ་ལེགས་པའི་ཕྱིར། །གསེར་འོད་དམ་པའི་མདོ་སྡེ་རབ་ཏུ་བཤད། །རྒྱལ་པོས་དེ་འདྲའི་ཆོས་ནི་ཐོས་གྱུར་ནས། །ཐལ་སྦྱར་རྩེ་གཅིག་རྗེས་སུ་ཡི་རང་སྨྲས། །ཡ་མཚན་ཆོས་ཐོས་མཆི་མ་བླགས་ཏེ་ངུས། །ལུས་དང་སེམས་ནི་དགའ་ཆེན་ཀུན་ཁྱབ་གྱུར། །དེ་ཚེ་ཡུལ་བདག་རྒྱལ་པོ་ལེགས་སྐྱེས་ཀྱིས། །མདོ་སྡེ་འདི་ནི་མཆོད་པར་འདོད་པའི་ཕྱིར། །ལག་ན་ཡིད་བཞིན་ནོར་བུ་ཐོགས་ནས་ནི། །སེམས་ཅན་ཀུན་ཕྱིར་སྨོན་ལམ་འདི་སྐད་བཏབ། །འཛམ་གླིང་འདི་ནི་ཀུན་དུ་ཁྱབ་པར་ཡང་། །རིན་ཆེན་རྒྱན་ཕྲེང་ཆར་ནི་རབ་ཕབ་ནས། །ནོར་དང་ཡོ་བྱད་རྒུད་ཕོངས་ཇི་སྙེད་པ། །ཐམས་ཅད་ཡིད་བཞིན་བདེ་བ་མྱོང་བར་ཤོག །དེ་ནས་རིན་ཆེན་སྣ་བདུན་ཆར་ཕབ་ནས། །གླིང་བཞི་ཀུན་དུ་ཆོག་ཅིང་ཚིམ་བྱས་པས། །ལུས་ཀྱི་རྒྱན་ཕྲེང་གོས་དང་ཟས་སྐོམ་དང་། །ཅི་དང་ཅི་འདོད་ཕོངས་པ་མེད་པར་གྱུར། །དེ་ཚེ་ཡུལ་བདག་རྒྱལ་པོ་ལེགས་སྐྱེས་ཀྱིས། །གླིང་བཞི་རིན་ཆེན་ཆར་བབ་མཐོང་བ་དང་། །ཐམས་ཅད་སངས་རྒྱས་རིན་ཆེན་གཙུག་ཕུད་ཀྱི། །བསྟན་ལ་ཞུགས་པའི་དགེ་སློང་དགེ་འདུན་མཆོད། །འདས་པའི་རྒྱལ་པོ་ལེགས་སྐྱེས་གང་ཡིན་པ། །ཤཱཀྱ་ཐུབ་པ་ང་ཡིན་ཤེས་པར་བྱོས། །སྔོན་ཡང་ས་ཆེན་མང་པོ་རབ་བཏང་སྟེ། །རིན་ཆེན་དག་གིས་གླིང་བཞི་ཡོངས་སུ་བཀང་། །སྔོན་ཚེ་ཆོས་མཁན་ཆེན་པོ་རིན་ཆེན་བརྩེགས། །ལེགས་སྐྱེས་དེ་ལ་གྱ་ནོམ་ཆོས་བཤད་དེ། །མདོ་སྡེའི་རྒྱལ་པོ་དེ་དག་བཤད་པའི་ཕྱིར། །ཤར་ཕྱོགས་སངས་རྒྱས་མི་འཁྲུགས་གྲུབ་པ་ཡིན། །ངས་ནི་མདོ་སྡེའི་རྒྱལ་པོ་འདི་མཉན་ནས། །ཐལ་སྦྱར་རྩེ་གཅིག་ཡི་རང་བརྗོད་པ་དང་། །རིན་ཆེན་སྣ་བདུན་བཏང་བའི་བསོད་ནམས་ཀྱིས། །རྡོ་རྗེ་སྐུ་མཆོག་འདི་ནི་བརྙེས་པ་ཡིན། །གསེར་འོད་བསོད་ནམས་བརྒྱ་ཡི་མཚན་བརྒྱན་པས། །མཐོང་བ་ཐམས་ཅད་ཀུན་ནི་རབ་དགའ་ཞིང་། །