།རྒྱལ་པོ་ཞེས་ནི་བགྱི་བར་འགྱུར། །གཞན་ཡང་རྒྱུ་རྐྱེན་གང་གི་སླད། །ལྷ་ཡི་བུ་ཞེས་བགྱི་བར་འགྱུར། །ཇི་ལྟར་མིར་ནི་སྐྱེས་པ་ལ། །གཅིག་པུ་མི་ཡི་བདག་པོ་འཐོབ། །ཇི་ལྟར་མཐོ་རིས་གནས་དག་ཏུ། །ལྷ་ཡི་རྒྱལ་པོ་བགྱིད་པར་འགྱུར། །དེ་ལྟར་འཇིག་རྟེན་སྐྱོང་དག་གིས། །ཚངས་རྒྱལ་དེ་ལ་ཞུས་པ་དང་། །དེ་ཚེ་ཚངས་པའི་བདག་པོ་ཡིས། །དེ་དག་ལ་ནི་འདི་སྐད་སྨྲས། །འཇིག་རྟེན་སྐྱོང་ཁྱོད་ཤེས་པར་བྱོས། །སེམས་ཅན་ལ་ནི་ཕན་བྱའི་ཕྱིར། །ང་ལ་ཡུལ་སྐྱོང་ཆོས་དྲིས་པས། །ངས་བཤད་ཁྱོད་ཀྱིས་ལེགས་པར་ཉོན། །སྔོན་གྱི་ལས་ཀྱི་མཐུ་ཡིས་ནི། །ལྷར་སྐྱེས་རྒྱལ་པོར་གྱུར་པ་ཡིན། །གལ་ཏེ་མི་ནང་གནས་གྱུར་ནས། །དབང་སྡུད་མི་ཡི་བདག་པོ་བྱེད། །ལྷ་རྣམས་ལྷན་ཅིག་བྱིན་བརླབས་ནས། །དེ་འོག་མ་ཡི་མངལ་དུ་འཇུག །མ་ཡི་མངལ་ན་གནས་པ་ན། །ལྷ་རྣམས་ཀྱིས་ནི་སྲུང་བར་བྱེད། །མི་ཡི་འཇིག་རྟེན་སྐྱེས་གྱུར་ཀྱང་། །གཙོ་མཆོག་གྱུར་ཕྱིར་ལྷ་ཞེས་བྱ། །ལྷ་རྣམས་ཀྱིས་ནི་བསྲུངས་པས་ན། །ལྷ་ཡི་བུ་ཞེས་བརྗོད་པ་ཡིན། །སུམ་ཅུ་རྩ་གསུམ་བདག་པོ་ཡིས། །སྟོབས་བགོས་མི་རྒྱལ་སྟོངས་པར་བྱེད། །ལྷ་ནི་མང་པོ་ཐམས་ཅད་ཀྱིས། །རང་དབང་སྟོབས་ནི་རབ་བསྟངས་ནས། །ཆོས་མིན་ཀུན་ནི་རབ་བསལ་ཏེ། །སྡིག་པའི་ལས་ནི་སྐྱེད་མི་བྱེད། །སེམས་ཅན་དགེ་བ་སྒྲུབ་བསྐུལ་ནས། །མཐོ་རིས་གནས་སུ་སྐྱེ་བར་བྱེད། །མི་དང་ལྷ་མིན་འཁོར་དག་དང་། །དྲི་ཟ་དང་ནི་སྲིན་པོ་དང་། །གདོལ་པ་ལ་སོགས་ཐམས་ཅད་ཀྱིས། །སྟོབས་ཀྱི་ཕྱེད་ནི་སྟོར་བར་བྱེད། །ཕ་མས་སྟོབས་ཕྱེད་བསྟངས་ནས་ནི། །སྡིག་སྤོང་དགེ་བ་སྒྲུབ་ལ་འཛུད། །ལྷ་རྣམས་ལྷན་ཅིག་རབ་བསྲུངས་ནས། །དགེ་སྡིག་རྣམ་སྨིན་སྟོན་པར་བྱེད། །དགེ་སྡིག་ལས་ནི་བྱས་གྱུར་ན། །ད་ལྟར་ཚེ་འདི་ཉིད་ལ་ནི། །ལྷ་རྣམས་ལྷན་ཅིག་རབ་བསྲུངས་ནས། །དགེ་སྡིག་རྣམ་སྨིན་སྟོན་པར་བྱེད། །ཡུལ་མིས་སྡིག་པའི་ལས་བྱས་ལ། །རྒྱལ་སྤངས་ནན་ཏུར་མི་བྱེད་ན། །འདི་ནི་ཡང་དག་རིགས་པ་མིན། །ཆོས་བཞིན་ཆད་པས་གཅད་པར་བྱ།