།ཆོས་འདི་ལ་ནི་ལེགས་བསླབས་ནས། །རྟག་ཏུ་བག་དང་ལྡན་པར་གྱིས། །སྨོན་ལམ་དམ་པ་རྒྱ་ཆེ་ཞིང་། །གཙོ་བོར་རྟག་ཏུ་ཐོབ་གྱུར་ནས། །བྱང་ཆུབ་རྟོགས་པར་འདོད་ན་ཡང་། །ཆོས་འདི་དག་ལ་བསླབ་པར་གྱིས། །མདོ་འདི་ལས་ནི་ངེས་སྨོས་པ། །ཕྱག་རྒྱ་བླ་ན་མེད་པ་སྟེ། །ཆོས་ཀུན་རྗོད་པར་བྱེད་པ་ཡི། །གཟུངས་སུའང་བཤད་པ་འདི་ཡིན་ནོ། །ཆོས་རྣམས་ཐམས་ཅད་གཟུངས་འདི་ཡི། །ནང་དུ་འདུས་པར་རབ་ཏུ་བཤད། །འདི་དག་ནམ་མཁའི་སྒོ་ཅན་ཏེ། །མཐའ་ཡས་དོན་དུ་ལེགས་པར་དེས། །ཆོས་འདི་དག་ལས་སྒོ་བསྟན་པ། །སྒོ་ནི་ལེགས་པར་བརྗོད་པ་ཡིན། །མཁས་པ་ཀུན་ཏུ་གཟུང་བའི་ཕྱིར། །གཟུངས་ནི་ཉེ་བར་སྐྱེ་བར་འགྱུར། །ཤེས་རབ་ངེས་པར་བསྟན་པ་འདི། །ཆོས་ཀུན་འཛིན་པར་བྱེད་པ་སྟེ། །མཁས་པ་ཀུན་ཏུ་གཟུང་བའི་ཕྱིར། །ཤེས་རབ་ཉེ་བར་གཟུང་བར་བྱ། །རྣམ་གྲངས་འདིར་ནི་བསྟན་པ་དག །སངས་རྒྱས་ཆོས་ཤེས་ཡང་དག་བྱ། །བྱང་ཆུབ་ཡན་ལག་བླ་ན་མེད། །དོན་གྱིས་ཡང་དག་བརྗོད་པ་ཡིན། །ཡེ་ཤེས་རབ་དབྱེ་མཁས་པ་ཡང་། །འདི་ལས་ཡང་དག་བསྟན་པ་ཡིན། །བྱང་ཆུབ་ཕྱོགས་དང་འཐུན་པའི་ཆོས། །བླ་མེད་འདི་ལ་བསླབ་པར་གྱིས། །བླ་མེད་ཚུལ་ལ་མཁས་པ་ཡང་། །ཆོས་འདི་ལས་ནི་ངེས་པར་བསྟན། །ཐབས་ཤེས་པ་ལ་བརྟེན་ནས་ནི། །ཆོས་འདི་རབ་ཏུ་བསྟན་པར་གྱིས། །ཆོས་རྣམས་ཀྱི་ནི་རང་བཞིན་འདི། །ཉེ་བར་བསྟན་པ་བླ་ན་མེད། །འདི་ལ་བསླབས་ནས་བདུད་རྩི་ཡི། །དོན་འདི་ཡང་ནི་བཤད་པར་གྱིས། །མཁས་པ་གང་ཞིག་སངས་རྒྱས་ཀྱི། །ཡེ་ཤེས་ཆགས་པ་མེད་འདོད་པ། །དེ་དག་དོན་འདི་ལ་བསླབས་ན། །ཡེ་ཤེས་བླ་མེད་ཐོབ་པར་འགྱུར། །ངས་ཀྱང་སྔོན་ཆད་ཆོས་འདི་ལ། །བསྐལ་པ་བྱེ་བ་ཚད་མེད་ཅིང་། །གྲངས་མེད་དག་ཏུ་བསླབས་ནས་ནི། །ཚུལ་འདི་ཞི་བར་གྱུར་པ་ཡིན། །ངས་ནི་སྔོན་ཆད་སངས་རྒྱས་དག །སྟོང་ཕྲག་མང་པོ་མཉེས་པར་བྱས། །དེ་ཕྱིར་བླ་ན་མེད་པའི་ཆོས། །འདི་ཀུན་མཁྱེན་ཅིང་གཟིགས་པ་ཡིན། །ངས་ནི་ཁྱོད་དང་སེམས་ཅན་གྱི། །ཚད་གཟུང་མེད་ཅིང་མཐའ་ཡས་པའི། །དོན་ཆེན་བྱས་ཏེ་དེ་ལས་ནི། །གཟུངས་འདི་ཐོབ་པར་གྱུར་པ་ཡིན།