Degé Kangyur volume 36, F.227.a

གཏི་མུག་སྲེད་པ་ཉེར་ལེན་ཉོན་མོངས་ལམ་ཡིན་ཏེ། །​ལས་དང་སྲིད་པ་སེམས་པ་ལྷག་མ་སྡུག་བསྔལ་ཡིན། །​གཏི་མུག་སྐྱེ་མཆེད་བར་དུ་འདུས་བྱས་སྡུག་བསྔལ་ཏེ། །​རེག་དང་ཚོར་བ་དེ་དག་སྡུག་བསྔལ་སྡུག་བསྔལ་ཡིན། །​ཡན་ལག་ལྷག་མ་འགྱུར་བའི་སྡུག་བསྔལ་རྣམས་འཕེལ་བ། །​བདག་མེད་ཤེས་པས་སྡུག་བསྔལ་གསུམ་པོ་འཆད་པར་འགྱུར། །​མུན་པ་སེམས་དང་འདུས་བྱས་འདི་ནི་སྔོན་ལྟས་ཡིན། །​རྣམ་པར་ཤེས་ནས་ཚོར་བའི་རྒྱུད་ཏུ་ད་ལྟར་བྱུང་། །​སྲེད་དང་སྲིད་པར་སྡུག་བསྔལ་འབྱུང་བ་ཕྱི་མའི་མཐའ། །​འགགས་ཤིང་ཟད་པ་དེ་དག་ལྟ་བ་ཆད་པ་ཡིན། གཏི་མུག་རྐྱེན་གྱིས་དེ་དག་རྣམ་པར་འབྲེལ་བ་འབྱུང་། །​ཟད་པས་བྱང་ཆུབ་རྐྱེན་རྣམས་རྣམ་པར་འབྲེལ་བ་ཡིན། །​རྒྱུ་ལས་རྒྱུ་འབྱུང་མེད་ན་རྒྱུ་ཡི་རྒྱུན་ཆད་འགྱུར། །​བདེ་ཕན་ཤེས་ལྡན་རང་བཞིན་སྟོང་པ་དེ་ལྟར་རྟོག །​རྒྱུད་དུ་འཐུན་པ་གཏི་མུག་མུན་ལས་བྱུང་བ་ཡིན། །​མི་འཐུན་བཟློག་པ་གཏི་མུག་ཟད་པས་མི་འབྱུང་བའོ། །​ཟབ་པའི་རྐྱེན་དང་དེ་དག་ཡོད་དང་མེད་པ་ལས། །​གནས་པ་མེད་བློ་རྣམ་པ་བཅུར་ནི་དེ་ལྟར་རྟོག །​སྲིད་པའི་ཡན་ལག་མཚམས་དང་སེམས་གཅིག་ལས་འཐུན་དང་། །​ཆེད་དུ་མི་བྱེད་རྒྱུད་གསུམ་རྗེས་འབྲང་སྔོན་མཐའ་དང་། །​སྡུག་བསྔལ་གསུམ་དང་རྒྱུས་བྱུང་སྐྱེ་དང་འཇིག་པ་དང་། །​སྲིད་པའི་མཐར་ཕྱིན་ཟད་དང་རྐྱེན་གྱི་ལུགས་འཐུན་པར། །​དེ་ལྟར་རྟེན་འབྲེལ་འབྱུང་ལ་ཡང་དག་འཇུག་བྱེད་པས། །​སྒྱུ་འདྲ་ཡང་དག་མ་ཡིན་ཚོར་བར་བྱེད་མེད་ཅིང་། །​རྨི་ལམ་འདྲ་བ་དེ་བཞིན་མིག་ཡོར་འདྲ་བ་སྟེ། །​བྱིས་པ་བསླུ་བའི་སྨིག་རྒྱུ་རང་བཞིན་མཚུངས་མཉམ་པ། །​དེ་ལྟར་བསྒོམ་པ་མཁས་པའི་སྟོང་པ་ཉིད་ཀྱི་སྒོ། །​རྐྱེན་རྣམས་མེད་པ་དེ་ནི་མཚན་མ་མེད་པ་སྟེ། །​ལོག་པར་ཤེས་པས་ནམ་ཡང་སྨོན་པ་མེད་པ་ཡིན། །​གཞན་དུ་སེམས་ཅན་སྙིང་བརྩེའི་དོན་དུ་སྐྱེ་བ་འཛིན། །​དེ་འདྲའི་རྣམ་ཐར་སྒོ་ལ་སྒོམ་བྱེད་མཐུ་ཆེ་བ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-31.html?part=UT22084-036-002-2123#UT22084-036-002-2123