Degé Kangyur volume 62, F.27.a

དང་། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཤེས་རབ་ཀྱི་རྩ་བ་ལས་བྱུང་བའི་བསླབ་པ་དང་། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ལ་མངོན་པར་བརྩོན་པ་གང་ཡིན་པའོ། །​བདག་ནི་ངོ་མཚར་གྱི་འདུ་ཤེས་ལ་གནས་ཀྱིས། གཞན་དག་ཀྱང་ངོ་མཚར་གྱི་འདུ་ཤེས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངོ་མཚར་གྱི་འདུ་ཤེས་ནི་ཆོས་ཐམས་ཅད་ལ་གཉིས་སུ་མེད་པའི་འདུ་ཤེས་དང་། སྤྱོད་པ་ཐམས་ཅད་ལ་བདག་གིར་སྤྱོད་པར་འདུ་ཤེས་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བཟོད་པ་དང་དེས་པ་ལ་གནས་ཀྱིས། གཞན་དག་ཀྱང་བཟོད་པ་དང་དེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བཟོད་པ་དང་དེས་པ་ནི་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་ལ་ཁོང་ཁྲོ་བའི་སེམས་མེད་པ་གང་ཡིན་པའོ། །​བདག་ནི་སེམས་ཞི་བ་ལ་གནས་ཀྱིས། གཞན་དག་ཀྱང་སེམས་ཞི་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སེམས་ཞི་བ་ནི་ལྟུང་བ་གླེང་བ་མེད་པའོ། །​བདག་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ཐམས་ཅད་དངོས་པོ་མེད་པ་ཞེས་བྱ་བ་དེ་ནི་དངོས་པོའི་ཚིག་གོ། །​དེ་ཅིའི་ཕྱིར་ཞེ་ན། དངོས་པོའི་རང་བཞིན་ལས་དངོས་པོ་མེད་པ་གཞན་མ་ཡིན་ཏེ། དངོས་པོའི་རང་བཞིན་ཉིད་དངོས་པོ་མེད་པ་སྟེ། དངོས་པོའི་རང་བཞིན་དངོས་པོ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་དངོས་པོ་མེད་པའོ། །​བདག་ནི་ཆོས་གནས་པ་ཉིད་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་གནས་པ་ཉིད་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་གནས་པ་ཉིད་ནི་ཆོས་ཐམས་ཅད་གཡོ་བ་མེད་པ་གང་ཡིན་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-761#UT22084-062-001-761